​གཅན་ཚ་སྤྱི་བདེས་དཀྲོག་གཏམ་བསྒྲགས་པའི་གྱོད་གཞི་ཞིག་ཐག་གཅོད་བྱས།
2020.02.03 ཁུངས། ཀློག་གྲངས། 10

       ཉེ་ཆར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་དྲ་ཐོག་ནས་རིམས་ནད་ཀྱི་དཀྲོག་གཏམ་བསྒྲགས་པའི་གྱོད་གཞི་ཞིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

        2020ལོའི་ཟླ1ཚེས29ཉིན། གཅན་ཚ་རྫོང་སྤྱི་བདེ་ཅུའུ་དྲ་བའི་བདེ་འཇགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་དྲ་ཐོག་ཏུ་སྐོར་ཞིབ་ཁྲིམས་འཛིན་བྱེད་སྐབས། “གཅན་ཚ་རྫོང་ཚོ་དྲུག་ཤང་གི་མང་ཚོགས་ཤིག་ལ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་པའི”བརྙན་ཐུང་ཞིག་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་སྐད་འཕྲིན་ནང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་འདུག་པ་རྟོགས། རྫོང་སྤྱི་བདེ་ཅུའུ་དྲ་བའི་བདེ་འཇགས་རུ་ཆེན་གྱིས་འཕྲལ་དུ་མངགས་གཏོང་ཁང་དང་མཉམ་དུ་བརྟག་དཔྱད་བྱས་པ་རེད།

       བརྟག་དཔྱད་བྱས་པ་བརྒྱུད། དོན་རྐྱེན་བྱུང་བའི་ཉིན་དེར་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་པད་ཆེ་གེ་མོས་ལག་ཐོགས་ཁ་པར་སྤྱད་དེ། སྐད་འཕྲིན་ཚོགས་པར“གཅན་ཚ་རྫོང་ཚོ་དྲུག་ཤང་གི་མི་གཅིག་ལ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོས་པ་གཏན་འཁེལ་བྱས་ཡོད”ཅེས་པའི་སྐད་སྒྲའི་ཆ་འཕྲིན་བཏང་བ་དང་།  ཚོགས་མི་ལྷ་ཆེ་གེ་མོས་མཐོང་རྗེས་སྐད་དེ་བརྙན་ཐུང་དུ་ཕབ་བཟོ་བྱས་ནས་རང་ཉིད་ཞུགས་པའི་སྐད་འཕྲིན་ཚོགས་པའི་ནང་བརྒྱུད་བསྐུར་བྱས། དོན་དངོས་མིན་པའི་གཏམ་དེ་དྲ་དམངས་ཀྱིས་བརྒྱུད་བསྐུར་མང་པོ་བྱས་པས་མང་ཚོགས་ཀྱི་སེམས་ལ་འཇིགས་སྣང་བཟོས་ནས་ཤུགས་རྐྱེན་ངན་པ་བཟོས།

        གྱོད་དོན་སྙན་སེང་ཞུས་རྗེས། གཅན་ཚ་རྫོང་སྤྱི་བདེ་ཅུའུ་ཡིས་འཕྲལ་མར་འགུལ་སྐྱོད་བྱས་ནས་ཐག་གཅོད་བྱས་པ་དང་། རྫོང་སྤྱི་བདེ་ཅུའུ་དྲ་བའི་བདེ་འཇགས་རུ་ཆེན་གྱིས་ཁོངས་གཏོགས་མངགས་གཏོང་ཁང་དང་མཉམ་དུ་མགྱོགས་མྱུར་གྱིས་ཞིབ་བཤེར་ཐག་གཅོད་བྱས་ཤིང་། ཆུ་ཚོད་གཉིས་ལས་མ་འགོར་བར་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་གཏན་འཁེལ་བྱས་པ་རེད། དེ་དང་ཆབས་ཅིག རྫོང་སྤྱི་བདེ་ཅུའུ་ཡིས་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་དུས་ཐོག་ཏུ་འབྲེལ་གཏུག་བྱས་ནས། གནས་ཚུལ་ཞིབ་དཔྱད་བྱས་པ་དང་འབྲེལ་དཀྲོག་གཏམ་ཐེར་འདོན་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ་ཤུགས་རྐྱེན་ངན་པ་མེད་པར་བཟོས་པ་རེད། པད་ཆེ་གེ་མོ་དང་ལྷ་ཆེ་གེ་མོ་གཉིས་ཁྲིམས་རར་འབྱོར་རྗེས་ཁྲིམས་འགལ་གྱི་དོན་དག་ངོས་ལེན་བྱས་པ་དང་། སློབ་གསོ་བཏང་བ་བརྒྱུད་རང་ཉིད་ཀྱི་ནོར་འཁྲུལ་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པའི་གཏན་འབེབས་གཞིར་བཟུང་། པད་ཆེ་གེ་མོར་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན་ལྔ་དང་ལྷ་ཆེ་གེ་མོར་སྒོར500ཡི་སྲིད་འཛིན་ཆད་པ་བཅད་པ་རེད།

       དེར་བརྟེན་སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་དྲ་རྒྱའི་བར་མཐོངས་ནི་ཁྲིམས་ཕྱིའི་ས་ཆ་ཞིག་མིན་ལ་གཏམ་བརྗོད་སྤེལ་སྐབས་གཟབ་ནན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། རྒྱ་ཆེའི་དྲ་དམངས་ཐུན་མོང་ཐོག་བཅོས་སྐྱོང་ནང་ཞུགས་ནས་དྲ་རྒྱའི་དཀྲོག་གཏམ་རང་རྟོགས་ངང་བཀག་འགོག་བྱེད་པ་དང་། དཀྲོག་གཏམ་མི་ཤོད་པ། དཀྲོག་གཏམ་ལ་མི་རྟོན་པ། དཀྲོག་གཏམ་མི་སྒྲོག་པ་བཅས་བྱེད་དགོས། རིམས་ནད་དང་འབྲེལ་བའི་ཆ་འཕྲིན་ཚང་མ་འབྲེལ་ཡོད་སྡེ་ཁག་གི་གཞུང་ཕྱོགས་འཕྲིན་སྟེགས་ནས་གཏོང་བཞིན་ཡོད་པས། བདེན་རྫུན་དབྱེ་འབྱེད་ཡག་པོ་བྱེད་དགོས་པ་ལས་གཞུང་ཕྱོགས་མིན་པ་དང་དོན་དངོས་མིན་པའི་ཆ་འཕྲིན་རང་དགར་ཁྱབ་སྤེལ་གཏོང་མི་རུང་། དེ་ལས་ལྡོག་ཚེ་བཅའ་ཁྲིམས་ཀྱི་ཆད་པ་ཕོག་ངེས་རེད།