ཟི་ལིང་གྲོང་ཁྱེར་གྱིས་དངོས་གོང་སྤར་བའི་ཁྲིམས་འགལ་བྱ་སྤྱོད5ལ་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས།
2020.02.03 ཁུངས། ཀློག་གྲངས། 22

     བསྟུད་མར་ཉིན་ཤས་རིང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ཁྲིམས་འཛིན་མི་སྣས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མཁོ་ཆས་ཀྱི་རིན་གོང་ཐད་ལ་སྐོར་ཞིབ་བྱས་ཤིང་།  འབྲེལ་ཡོད་གཏན་འཁེལ་ལྟར།  དངོས་གོང་སྤར་བའི་དོགས་ཡོད་ཁྲིམས་འགལ་བྱ་སྤྱོད5ལ་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས།

རྒྱུས་ལོན་པ་ལྟར་ན།  དངོས་གོང་སྤར་བའི་དོགས་ཡོད་ཁྲིམས་འགལ་གྱོད་གཞི5ཡི་ཁྲོད།  ཁ་ཐུམ་ཕྱིར་འཚོང་གི་གནད་དོན་དང་འབྲེལ་བའི་གྱོད་གཞི4ཡོད།

      ཟླ1པོའི་ཚེས31ཉིན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ཁྲིམས་འཛིན་མི་སྣས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མཁོ་ཆས་ཀྱི་རིན་གོང་ཐད་ལ་སྐོར་ཞིབ་བྱེད་དུས།  ཞིན་ཧྭ་སྣ་འཛོམས་ཚོང་རའི་ནང་གི་སྔོ་ཚལ་རིགས་སྐོར་ཞིག་ལ་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱས་མེད་པར། ཟླ1པོའི་ཚེས31ཉིན་སྲིད་གཞུང་གིས་བསྒྲགས་པའི་སྔོ་ཚལ་སིལ་འཚོང་གི་མཛུབ་སྟོན་རིན་གོང་ལས་ཡར་སྤར་ཡོད་པ་ཤེས་རྟོགས་བྱུང་།  ཚོང་ར་དེའི་ནང་སུར་པན་གྱི་རིན་གོང་མཛུབ་སྟོན་རིན་གོང་སྒོར5.3ལས་བརྒལ་ནས་སྒོར7.98ཡིན་པ་དང་།  ཆུར་ཚལ་གྱི་རིན་གོང་མཛུབ་སྟོན་རིན་གོང་སྒོར3.5ནས་བརྒལ་ཏེ་སྒོར3.99ཡིན་པ། ཚོད་མ་མགོ་ལོག་གི་རིན་གོང་མཛུབ་སྟོན་རིན་གོང་སྒོར2.5ལས་བརྒལ་ཏེ་སྒོར3.99ཡིན་པ། ལྕ་ཚལ་གྱི་རིན་གོང་མཛུབ་སྟོན་རིན་གོང་སྒོར2.2ལས་བརྒལ་ཏེ་སྒོར3.99ཡིན་པ་སོགས་ཚོང་ར་འདིའི་སྔོ་ཚལ་གྱི་རིན་གོང་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལས་མཐོ་ལ། སྡེབ་ཚོང་དང་སིལ་ཚོང་གི་གི་ཧེ་བག་ལས་བརྒལ་ཏེ་དངོས་གོང་སྤར་བའི་དོགས་གཞི་ཡོད་པས། ཉིན་དེར་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་ཤིང་།  མིག་སྔར་ཐག་གཅོད་བྱེད་སྒང་ཡིན། 

    གཞན་ད་དུང་།  བུའུ་ཁྲ་ལམ་མདོའི་མཚོ་སྔོན་ཡིས་ཧྲིག་ཐང་སྨན་རྫས་ཚོང་ཁང་གིས་རིན་གོང་མཐོན་པོས་ཁ་ཐུམ་བཙོང་བའི་གྱོད་གཞི་དང་།  ལིན་ཧུའུ་ལམ་གྱི་ཧྭ་ཞ་སྨན་རྫས་ཚོང་ཁང་གིས་རིན་གོང་མཐོན་པོས་ཁ་ཐུམ་བཙོང་བའི་གྱོད་གཞི། ཞིན་ཧའེ་ལམ་གྱི་ཞིང་ཐོན་ཁྲོམ་རའི་ནང་རིན་གོང་མཐོན་པོས་སྨན་སྤྱོད་ཁ་ཐུམ་བཙོང་བའི་གྱོད་གཞི།  ཆཱིས་ཞཱང་ལམ་གྱི་ཡཱང་ཀྭང་སྣ་འཛོམས་ཚོང་ཁང་གིས་རིན་གོང་མཐོན་པོས་ཁ་ཐུམ་བཙོང་བའི་གྱོད་གཞི་བཅས་ལ་གྱོད་དོན་ཐོ་འགོད་བྱས་ཏེ་ཐག་གཅོད་བྱེད་སྒང་ཡིན།

གསར་གོད་པ་ལྕགས་ཐར་ཚེ་རིང་གིས་ཁྲང་ཡུན་དྲ་བ་ལས་བསྒྱུར།