མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཏང་ཨུའི་རྒྱ་སྐྱེད་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2020.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 81

ཟླ་གཉིས་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཏང་ཨུའི་རྒྱ་སྐྱེད་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཀྲིན་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཀྲིན་ཧྲིན་གྱིས་བླང་བྱ་བཏོན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་ཡི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། ཉེན་ཁ་སྔོན་འགོག་དང་བདེ་འཇགས་སྲུང་སྐྱོབ། རིམས་ནད་འགོག་རྒོལ། བརྟན་ལྷིང་འགན་ལེན་བཅས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་སྤྱི་ཚོགས་བརྟན་འཇགས་ཁྱབ་ཁོངས་སུ་ཁྱབ་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས། མཉམ་ལས་གཞོགས་འདེགས་དམ་ཟབ་བྱེད་པ་དང་། མཉམ་འགོག་མཉམ་བཅོས་མུ་མཐུད་ཡག་པོ་བྱེད་པ། གཙོ་གནད་སྨན་བཅོས་སྒྲིག་གཞིའི་བདེ་འཇགས་ལས་རེས་ལ་ཤུགས་སྣོན་རྒྱག་པ། རྒྱུན་ལྡན་གྱི་སྨན་བཅོས་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བཅས་བྱེད་དགོས་ཟེར།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཚད་མཐའི་བསམ་གཞིགས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་ཆུ་མ་ཡོང་གོང་ནས་རགས་རྒྱག་པ་དང་གནད་སྨིན་ཇུས་འདོན་བྱས་ཏེ། བཀོད་སྒྲིག་རེ་རེ་བཞིན་དམ་འཛིན་ཏན་ཏིག་དང་འགག་སྒོ་རེ་རེ་བཞིན་དམ་འཛིན་ཡག་པོ་བྱས་ནས་རིམས་ནད་ནང་འདྲེན་རང་བཞིན་དང་ནང་ཁྱབ་རང་བཞིན་གྱི་ཉེན་ཁ་སྔོན་འགོག་གང་ཐུབ་བྱེད་དགོས། སྤྱི་བདེའི་གཞི་གྲངས་ཆེན་མོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། དབྱེ་ཞིབ་བརྡར་གཅོད་མཐའ་འཁྱོངས་བྱེད་པ། དུས་ཐོག་ཏུ་མཉམ་འབྲེལ་སྒོས་ཞིབ་བཤེར་ཚོད་འཛིན་བཅས་བྱས་ནས། དངོས་ཡོད་ཀྱི་གནོད་འཚེ་ཏན་ཏིག་ངང་སེལ་དགོས། བཙན་གནོན་དྲག་རྡུང་གི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། གཙོ་བོ་དངོས་གོང་ཧམ་སྤོར་དང་དཀྲོག་གཏམ་སྒྲིག་བཟོ། གཞུང་དོན་ལ་འགོག་རྐྱེན་བཟོ་བ་སོགས་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་བརྡ་གཏོང་བ་དང་ལུགས་དང་མཐུན་པའི་སྒོ་ནས་ཉེན་བརྡ་བཏང་སྟེ། དཔུང་སྡེའི་ལུས་སྟོབས་རྒྱས་པ་དང་ནུས་ཤུགས་ཆེན་པོ་རྒྱུན་འཁྱོངས་ཐུབ་པར་འགན་ལེན་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་འཇགས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཟེར།