གཏམ་བཟང་། དེ་རིང་མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་པའི་ནད་པ་གསུམ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད།
2020.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 72

སྨན་པའི་སྨན་བཅོས་དང་ནད་གཡོག་མི་སྣའི་ལྟ་སྐྱོང་ཞིབ་མོར་བརྟེན་ནས། མཚོ་སྔོན་གྱི་རྣམ་པ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་པའི་ནད་པ་གསུམ་དེ་རིང་སྟེ། ཟླ་གཉིས་པའི་ཚེས་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ནས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད།

ཟླ2པའི་ཚེས5ཉིན་གྱི་ཆུ་ཚོད9དང་སྐར་མ30ཡི་ཐོག མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་རུ་མྱུར་སྐྱོབ་སྨན་བཅོས་བྱས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོགཔའི་ནད་པ3སྨན་བཅོས་མི་སྣས་སྨན་བཅོས་ཞིབ་མོ་བྱས་རྗེས་སྨན་ཁང་ནས་འབུད་རྒྱུའི་ཚད་གཞི་དང་མཐུན་པ་བྱུང་སྟེ། སྨན་ཁང་ནས་འབུད་རྩིས་བྱས།  ནད་པ3གྱི་ཁྲོད་ལོ་ན་ཆུང་ཤོས་ལོ7དང་ཆེ་ཤོས་ལོ42ཡིན་པ་དང་། ནད་པ་ཚང་མ་ཁྱིམ་ཚང་གཅིག་གི་བཟའ་མི་རེད།

ཐེངས་འདིར་སྨན་ཁང་ནས་ཕྱིར་འབུད་མཁན་གསུམ་ནི་མཚོ་སྔོན་ཞིང་ཆེན་གྱིས་ངོས་འཛིན་གཏན་འཁེལ་བྱས་པའི་ནད་པ་གཉིས་པ་དང་གསུམ་པ། བཞི་བ་བཅས་རེད། ཁོ་ཚོ་ནི་ལོ་ཞེ་གཉིས་ཅན་གྱི་མཱ་ཆེ་གེ་མོ། ལོ་སོ་བརྒྱད་ཅན་གྱི་ཁོའི་ཆུང་མ། ལོ་བདུན་ཅན་གྱི་ཁོའི་བུ་གཉིས་པ་བཅས་རེད། མཱ་ཆེ་གེ་མོ་ཚང་ནི་ཧོང་ཀྲུང་རྫོང་ཧྲང་ཞིན་ཀྲོང་གྲོང་རྡལ་ཞ་མོན་སྡེ་བ་གོང་མའི་ཡིན་པ་དང་། བཟའ་མི་ཚང་མ་ཡུན་རིང་ཝུའུ་ཧན་གྲོང་ཁྱེར་དུ་བསྡད་ནས་བཟའ་བཏུང་ཞབས་ཞུ་གཉེར་གྱིན་ཡོད་པར་མ་ཟད། བུ་གཉིས་པ་ཝུའུ་ཧན་གྲོང་ཁྱེར་དུ་སློབ་ཆུང་འགྲིམ་གྱིན་ཡོད། ཟླ་དང་པོའི་ཚེས23ཉིན་བཟའ་མི་ཚང་མ་ཝུའུ་ཧན་ནས་ཁ་བྲལ་བ་དང་། ཚེས་24ཉིན་ཟི་ལིང་དུ་འབྱོར་རྗེས། ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་ནང་ནས་བརྟག་དཔྱད་བྱས་རྗེས་མཱ་ཆེ་གེ་མོ་དང་ཁོའི་ཆུང་མ། བུ་གཉིས་པ་བཅས་སྨན་ཁང་དུ་ལོགས་སུ་བཞག་ནས་ལྟ་ཞིབ་བྱས་པ་དང་། ཚེས25ཉིན་ནད་གཞིའི་མ་དཔེ་འཚོལ་བསྡུ་བྱས་ནས་ཞིབ་བཤེར་བྱ་རྒྱུར་བསྐྱལ་བ་དང་། ཚེས26ཉིན། ཟི་ལིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་རྟགས་ཡོད་པར་ནད་པ་རུ་བརྩིས་པ་དང་། ཉིན་དེར་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཡང་བསྐྱར་ཞིབ་བཤེར་ཚད་ལེན་བྱས་རེ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཕོག་པའི་ནད་པར་ངོས་འཛིན་བྱས། མཱ་ཆེ་གེ་མོའི་བུ་ཆེ་བར་ཐེངས་དང་པོར་ཞིབ་བཤེར་བྱེད་སྐབས་སྐྱོན་མ་བྱུང་བས། ཁྱིམ་ནས་ལོགས་སུ་བཀར་ཏེ་ལྟ་ཞིབ་བྱས། མཱ་ཆེ་གེ་མོ་ནད་རྟགས་ཡོད་པའི་ནད་པར་བརྩིས་རྗེས། མྱུར་དུ་རྗེས་སྙེག་རྟོག་ཞིབ་བྱས་ཏེ་བུ་ཆེ་བ་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་རུ་བླངས། བུ་ཆེ་བ་དེ་སྨན་ཁང་དུ་འདུག་འཕྱི་བས་སྨན་ཁང་ནས་ཕྱིར་འབུད་པའི་དུས་ཚོད་ད་དུང་གཏན་ཁེལ་གསལ་བོ་བྱས་མེད།