གཏམ་བཟང་། མཚོ་སྔོན་གྱི་ཏོག་དབྱིབས་ཏོག་ནད་དུག་འགོས་པའི་ནད་པ3སངས་དྲག་བྱུང་།
2020.02.05 ཁུངས། ཀློག་གྲངས། 160

སྨན་བཅོས་རུ་ཁག་གིས་སྨན་བཅོས་ཞིབ་ཚགས་དང་ནད་སྐྱོང་ལེགས་པོ་བྱས་མཐར།  མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གི་གློ་ཚད་ཕོག་མཁན་མི་3ཟླ་2པའི་ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ30ཐོག་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ལས་སངས་དྲག་བྱུང་སྟེ་སྨན་ཁང་ལས་སྒོར་བུད་པ་3གྱི་ཁྲོད་ལོ་ན་ཆུང་ཤོས་ལོ་7དང་།  ཆེ་ཤོས་ལོ་42ཡིན་ལ་ཚང་མ་ཁྱིམ་ཚང་གཅིག་གི་ཡིན་པ་རེད།

     རྒྱུས་ལོན་བྱུང་བ་ལྟར་ན། ནད་པ་གསུམ་པོ་ཁྱིམ་མི་ལྷན་འཛོམས་བྱས་ནས་འགོས་ནད་བྱུང་བའི་ནད་པ་ཡིན་ལ། ཧོང་ཀྲུང་རྫོང་ཧྲང་ཞིན་ཀྲུང་གྲོང་རྡལ་ཧྲང་ཞ་མིན་སྡེ་བའི་རེད། དུས་ཡུན་རིང་བོར་ཝུའུ་ཧན་ནས་ཟ་ཁང་ཞབས་ཞུ་བའི་ལས་ཀ་གཉེར་ནས་བསྡད། བུ་ཆུང་བ་ཝུའུ་ཧན་གྲོང་ཁྱེར་ནས་སློབ་ཆུང་འགྲིམས། ཟླ1པོའི་ཚེས23ཉིན། ཁོ་ཚོ་ཝུའུ་ཧན་དང་ཁ་བྲལ་ཞིང་། ཕྱི་ཉིན་ཟི་ལིང་དུ་འབྱོར་རྗེས།  མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བར་བརྟག་དཔྱད་བྱས་རྗེས། མཱ་ཆེ་གེ་མོ་དང་ཁོའི་ཆུང་མ། བུ་ཆུང་བ་བཅས་ལོགས་སུ་བཀར་ཏེ་ལྟ་ཞིབ་བྱས། ཚེས26ཉིན། ཟི་ལིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས་ཚོད་ལེན་བྱས་པ་བརྒྱུད། ཏོག་དབྱིབས་ནད་དུག་འགོས་པའི་དོགས་ཡོད་ནད་པར་གཏན་འཁེལ་བྱས། ཉིན་དེར། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས་ལྟ་ཞིབ་ཚོད་ལེན་བྱས་པ་བརྒྱུད། ཏོག་དབྱིབས་ནད་དུག་བྱུང་ཡོད་པར་གཏན་འཁེལ་བྱས། ཁོའི་བུ་ཆེ་བར་རྒྱུན་ལྡན་མིན་པའི་གནས་ཚུལ་མ་བྱུང་བས་ཁྱིམ་ནས་ལོགས་བཀར་བྱས་ཤིང་། མཱ་ཆེ་གེ་མོ་དོགས་ཡོད་ནད་པར་གཏན་འཁེལ་བྱས་རྗེས། མྱུར་དུ་རྗེས་སྙེག་ལྟ་རྟོག་བྱས་ཏེ་ཞིང་ཆེན་མི་དམངས་སྨན་ཁང་བཞི་བར་སྨན་བཅོས་བྱས་པ་དང་། ཁོའི་བུ་ཆེ་བ་སྨན་ཁང་དུ་སྡོད་འཕྱི་བས་སྨན་ཁང་ནས་ཕྱིར་འབུད་པའི་དུས་ཚོད་གཏན་འཁེལ་བྱས་མེད། མིག་སྔར། དམིགས་ཚད་མཐའ་དག་ནད་སངས་དྲག་ཏུ་གྱུར་བའི་ཚད་ལ་སླེབས་པས། མཚོ་སྔོན་ཞིང་ཆེན་ནས་ཏོག་དབྱིབས་ནད་པ་སྨན་བཅོས་བྱས་ཏེ་སངས་དྲག་ཏུ་གྱུར་བའི་ནད་པ་ཐོག་མ་ཡིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཏན་ཁེལ་བྱས་པའི་ཚད་གཞི་ལྟར། ལུས་ཕུང་གི་དྲོད་གྲང་རྒྱུན་ལྡན་དང་ནད་རྟགས་གཞན་དག་ཀྱང་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པས། སྨན་ཁང་ནས་བུད་ཆོག་པའི་ཆ་རྐྱེན་དང་མཐུན།

    ནད་གཞི་ཕོག་པའི་ནད་པ་སངས་དྲག་བྱུང་ནས་སྨན་ཁང་ལས་སྒོར་བུད་པ་དེས་ང་ཚོར་དྲན་སྐུལ་ཞིག་བྱས་ཡོད་དེ། རིམས་ནད་དེ་ནི་འཇིགས་སུ་རུང་བ་ཞིག་ཡིན་མོད། འོན་ཀྱང་དེ་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་དགོས་པ་དེའོ།། ད་དུང་དེ་ལས་མང་བའི་ནད་པ་དག་སྔ་རྗེས་སུ་སྨན་ཁང་ལས་སྒོར་འབུད་ཐུབ་པར་ང་ཚོས་ཡིད་ཆེས་བྱ་ཆོག

     སྨན་ཁང་ལས་སྒོར་བུད་པའི་ནད་པ་དག་གིས་ཁ་ཐུམ་བརྒྱབ་ཡོད་པས་ང་ཚོས་ཁོ་ཚོའི་གདོང་གི་རྣམ་འགྱུར་མཐོང་མི་ཐུབ་མོད།  བདེ་ཐང་གི་ལུས་ཕུང་དང་།  རང་དབང་གི་ཁོར་ཡུག   སྙིང་ནས་བརྩེ་བའི་ཕ་མ་མིང་སྲིང་དང་ཕུ་ནུ་གཉེན་ཉེ་དག་ལས་གལ་ཆེ་བ་ཞིག་གང་ན་ཡོད་ཨང་།

གསར་འགོད་པ་ལྕགས་ཐར་ཚེ་རིང་དང་ཐུབ་བསྟན་གཉིས་ཀྱིས་ཁྲང་ཡུན་དྲ་བ་ལས་བསྒྱུར།