གསར་འགོད་པ་ཐུབ་བསྟན་གྱིས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་ལས་བསྒྱུར།
ཉེ་ལམ། གློ་བུར་དུ་བྱུང་བའི་ཏོག་དབྱིབས་ནད་དུག་ལ་ཁ་གཏད་ནས། ཏང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། མཚོ་སྔོན་སློབ་ཆེན་ཏང་ཨུ་བཅས་ཀྱིས་སྔ་རྗེས་སུ་ཆེད་དོན་ཚོགས་འདུ་བསྡུས་ཏེ། རིམས་འགོག་གི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། ཛ་དྲག་ཆེ་བའི་རིམས་འགོག་གི་བྱ་བའི་ཁྲོད་མཚོ་སྔོན་སློབ་ཆེན་གྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་སྙིང་སྟོབས་བསྐྱེད་དེ། བོད་ལུགས་གསོ་རིག་གི་རིག་ཚན་ཆེད་ལས་ཀྱི་ཁྱད་ཆོས་དང་ལེགས་ཆ་དར་སྤེལ་དང་ཆེད་མཁས་པ་རྩ་འཛུགས་ཀྱིས་རིམས་སྲུང་ནག་པོ་དགུ་སྦྱོར་སྡེབ་སྦྱོར་བྱས།
བོད་ལུགས་གསོ་རིག་གི་གཞུང་དུ་ཕུན་སུམ་ཚོགས་པའི་རིམས་འགོག་གི་སྨན་ཐོ་མང་པོ་ཡོད་ཅིང་། དུས་ད་ལྟའི་བར་དུ་མདོ་དབུས་མཐོ་སྒང་དུ་འཚོ་བའི་མི་རྣམས་ལ་རིམས་ནད་སྔོན་འགོག་བྱེད་པར་ནུས་པ་ཆེན་པོ་ཐོན་ཡོད། ད་རེས་ལ་མཚོན་ན། ཆེད་མཁས་པ་དག་གིས་བོད་ལུགས་གསོ་རིག་གི་གཞུང་ནས་རིམས་འགོག་གི་སྨན་ཐོ་གྲགས་ཆེ་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། ད་སྐབས་གསར་དུ་བྱུང་བའི་ཏོག་དབྱིབས་ནད་དུག་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ངེས་པར་མཁོ་བའི་སྨན་སྣ་ཇེ་མང་དུ་བཏང་ནས་རིམས་སྲུང་ནག་པོ་དགུ་སྦྱོར་སྡེབ་སྦྱོར་བྱས།
བོད་སྨན་རིམས་སྲུང་ནག་པོ་དགུ་སྦྱོར་ནི་དང་ཁར་འདོགས་དགོས་པ་ཞིག་ཡིན་ལ། ཉིན་རེར་ཐེངས་གཉིས་ནས་གསུམ་ལ་སྣོམ་དགོས། དེས་རིམས་འགོག་གི་ཐད་ལ་ནུས་པ་ཆེན་པོ་ཐོན་ཐུབ། གཞན་ཡང་སློབ་གླིང་གིས་སློབ་མགོ་རྩོམ་སྐབས་དགེ་སློབ་ཡོངས་ལ་རིན་མེད་སྒོས་སྨན་སྦྱིན་བྱེད་པའི་འཆར་གཞི་བཟོས་ཏེ། རིམས་འགོག་བྱེད་པར་ནུས་པ་གདོན་རྒྱུ་རེད།