གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་མཚོ་སྔོན་ཉིན་རེའི་ཚགས་པར་ལས་བསྒྱུར།
ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། སྐུ་འབུམ་བྱམས་པ་གླིང་གི་ཆོས་ལུགས་ལས་དོན་མི་སྣ་ཡོངས་ཀྱིས་ཝུའུ་ཧན་གྱི་རིམས་ནད་གནོད་འཚེ་ཕོག་ཁུལ་གྱི་རིགས་སོ་སོའི་མང་ཚོགས་རྣམས་ལ་དོ་ཁུར་དང་ཐུགས་ཁུར་ཆེན་པོ་བྱས་ཏེ། ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་ཡོངས་ཀྱིས་རོགས་སྐྱོར་བྱས་ཏེ་ཉེན་སེལ་དཀའ་སེལ་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་རིམས་ནད་ཕོག་ཁུལ་ལ་རོགས་སྐྱོར་ཧུར་ཐག་བྱས་པ་རེད།
ཟླ2པའི་ཚེས3ཉིན་སྐུ་འབུམ་བྱམས་པ་གླིང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་བརྒྱུད་དེ་ཝུའུ་ཧན་གྱི་རིམས་ནད་ཕོག་ཁུལ་ལ་སྒོར་ཁྲི100ཡི་ཞལ་འདེབས་ཕུལ་ནས་ཝུའུ་ཧན་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་བྱས།
ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའམ་སྐུ་འབུམ་བྱམས་པ་གླིང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལྷ་ཁོ·བློ་བཟང་བསྟན་པའི་དབང་ཕྱུག་གིས་ཆོས་ལུགས་ལས་རིགས་ཀྱིས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་སྒོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དང་ནང་བསྟན།“རྒྱལ་ཁབ་སྲུང་འཛིན་དང་སེམས་ཅན་བདེ་ལ་བཀོད་པའི”སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་དང་རྒྱལ་ཁབ་མི་དམངས་མང་ཚོགས་རྣམས་དཀའ་ངལ་ལ་འཕྲད་པའི་སྐབས་སུ་རང་འགུལ་སྒོས་ནུས་པ་གང་ལེགས་ཐོན་པར་བྱས་ཏེ། རང་དཔེ་གཞན་སྟོན་དང་། སྣེ་ཁྲིད་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད་ཅིང་། ནང་བསྟན་ལས་རིགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་སྣེ་འདྲེན་བྱེད་པའི་དགེ་མཚན་ལྡན་ཕྱིར། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་མཉམ་དུ་རིམས་ནད་འགོག་རྒོལ་ལ་རྒྱལ་ཁ་ཐོབ་པར་བྱ་རྒྱུ་དང་། རྗེས་མར་ཞིང་ཆེན་ཡོངས་ཀྱི་ནང་བསྟན་ལས་རིགས་སོགས་གཙོ་བྱས་ཏེ་རིམས་ནད་སྔོན་འགོག་གི་བྱ་བའི་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། རང་ནུས་ཅི་ལྕོགས་ཀྱིས་གནོད་འཚེ་ཐེབས་པའི་ས་ཁུལ་དུ་དངུལ་དངོས་ཀྱིས་ཞལ་འདེབས་ཕུལ་བ་དང་། ནང་བསྟན་ལས་རིགས་ཀྱི་གཅེས་སེམས་མཚོན་པར་བྱས་ནས་རིམས་ནད་སྔོན་འགོག་གི་བྱ་བར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད།