ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚན་རྩལ་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་སོགས་སྡེ་ཚན་མང་པོའི་རྒྱབ་སྐྱོར་འོག་ནད་དུག་འགོག་པའི་སྨན་རྫས་རུའེ་ཏེ་ཞི་ཝེ(remdesivir)ཡིས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ཐོ་འགོད་ཞིབ་མཆན་ལས་དོན་ལེགས་གྲུབ་ཟིན་པ་དང་། ནད་པ་ཁག་དང་པོའི་ཚོགས་ཆུང་ནང་ཞུགས་པའི་ལས་དོན་ཡང་གྲ་སྒྲིག་ཟིན་ཡོད། ཁག་དང་པོའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལྕི་པོ་ཕོག་པའི་ནད་པས་དེ་རིང་(ཟླ་2ཚེས་6ཉིན་)སྨན་སྤྱོད་རྒྱུ་ཡིན་པ་རེད།
འདི་ནི་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཟླ་2ཚེས་5ཉིན་གྱི་ཕྱི་དྲོ་ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་དུ་འཚོགས་པའི་ཚན་རྩལ་པུའི་ “རུའེ་ཏེ་ཞི་ཝེ་ཡིས་2019ལོའི་ཏོག་དབྱིབས་ནད་དུག་གསར་པ་སྨན་བཅོས་བྱེད་པའི་ཞིབ་འཇུག”རྣམ་གྲངས་འགོ་ཚུགས་པར་འཕྲལ་སྡོམ་འགག་སྒྲོལ་བྱེད་པའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བའི་ཆ་འཕྲིན་ཞིག་ཡིན།
རུའེ་ཏེ་ཞི་ཝེའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་རྣམ་གྲངས་ཀྱི་འགན་འཁུར་བ་ཀྲུང་རིའི་མཛའ་གྲོགས་སྨན་ཁང་གི་ཡོན་ཀྲང་གཞོན་པ། དགེ་རྒན་ཆེ་མོ་བ་ཚའོ་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རུའེ་ཏེ་ཞི་ཝེ་ནི་ཨ་རིའི་ཅི་ལི་ཏེ་ཀུང་སིའི་ཞིབ་འཇུག་སྨན་རྫས་ཤིག་ཡིན་པ་དང་། དུས་འགོའི་ཕྲ་ཕུང་དང་སྲོག་ཆགས་ཀྱི་ཚོད་ལྟའི་ཁྲོད་SARSཏོག་དབྱིབས་ནད་དུག་དང་MERSཏོག་དབྱིབས་ནད་དུག་ཁྲོད་ནད་དུག་འགོག་པའི་ནུས་པ་ཅུང་ཡག་པོ་ཡོད་པ་དང་། ཕྱི་རྒྱལ་དུ་རུའེ་ཏེ་ཞི་ཝེ་ཡིས་ཨའེ་པོ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱས་པ་དང་། ཉེ་ཆར། རང་རྒྱལ་གྱི་མཁས་དབང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རུའེ་ཏེ་ཞི་ཝེ་ཡིས་ཕྲ་ཕུང་གི་ཆུ་ཚད་ཐོག་ནས་2019ལོའི་ཏོག་དབྱིབས་ནད་དུག་གསར་པ་ལའང་གསོན་ཤུགས་ཅུང་ལེགས་པོ་ལྡན་མོད། འོན་ཀྱང་མི་ལུས་ལ་བཀོལ་སྤྱོད་མ་བྱས་གོང་སྔར་བཞིན་གཟབ་ནན་གྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་གདེང་འཇོག་བྱེད་དགོས་ཀྱི་ཡོད། མིག་སྔར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པར་ཕན་ནུས་ལྡན་པའི་ནད་དུག་འགོག་པའི་སྨན་རྫས་དཀོན་པས། རུའེ་ཏེ་ཞི་ཝེ་ཡིས་ནད་ཐོག་ལག་ལེན་ཁྲོད་ཀྱི་མངོན་ཚུལ་ལ་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་ཡོད།
ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཀྲང་གཞོན་པ་ཀྲུང་གོ་གསོ་རིག་ཚན་རིག་ཁང་གི་ཡོན་ཀྲང་ཡོན་ཧྲི་ཝང་ཁྲེན་གྱིས་འགོ་ཚུགས་ཚོགས་འདུའི་ཐོག་ལས་རིགས་ཁག་གིས་ཚོད་ལྟ་དེར་རེ་སྒུག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཕན་འབྲས་ཐོན་མིན་ཐད་ད་དུང་ཚན་རིག་ཚོད་ལྟ་ནན་མོའི་གྲུབ་འབྲས་ལ་སྒུག་དགོས་ཞེས་བཤད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རུའེ་ཏེ་ཞི་ཝེའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་དེ་ཀྲུང་རིའི་མཛའ་གྲོགས་སྨན་ཁང་དང་ཀྲུང་གོ་གསོ་རིག་ཚན་རིག་ཁང་སྨན་རྫས་ཞིབ་འཇུག་སུའོ་ཡིས་སྣེ་ཁྲིད་དེ་ཝུའུ་ཧན་ཅིན་དབྱིན་ཐན་སྨན་ཁང་སོགས་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་པོར་སྨན་བཅོས་བྱེད་པའི་སྨན་ཁང་དུ་བྱ་རྒྱུ་ཡིན་པ་རེད།