མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚོགས་པ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་བཅས་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་གསུམ་གྱི་འགན་ཁུར་བས་རོ་མཱ་ནས་མཉམ་དུ་ཀྲུང་གོར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ་དང་། ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་བྱ་བའི་ཐད་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།
འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཆུས་ཏུང་ཡུས་དང་རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ཙུང་ཚའེ་ཧོང་པའོ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་པུས་སི་ལེ་བཅས་ཀྱིས་མཉམ་དུ་མིང་བཀོད་པའི་འཕྲིན་ཡིག་ནང་དུ། ཀྲུང་གོའི་མི་དམངས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་ཀྲུང་གོས་གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད་བྱེད་པའི་ཐད་བསྒྲུབ་པའི་བྱ་བར་གཟེངས་བསྟོད་བྱས་པར་མ་ཟད། དུས་ངེས་མེད་དུ་ཀྲུང་གོར་རྒྱབ་སྐྱོར་བྱས་ཏེ། རིམས་ནད་ལས་ཀྲུང་གོའི་མི་དམངས་དང་ཁྱད་པར་དུ་ཞིང་སྡེའི་མང་ཚོགས་ལ་བཟོས་པའི་ཤུགས་རྐྱེན་ཇེ་ཡང་དུ་གཏོང་རྩིས་ཡོད་པ་ཁས་ལེན་བྱས།
འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འཛམ་གླིང་སྲོག་ཆགས་འཕྲོད་བསྟེན་རྩ་འཛུགས་སོགས་ཀྱི་བར་མཉམ་ལས་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་དང་ཞིབ་འཇུག་ལས་ཁུངས་བར་རོགས་ལས་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་འཚོ་རྟེན་དུ་གྱུར་བའི་སྲོག་ཆགས་ངོས་འཛིན་བྱེད་བཞིན་ཡོད། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ད་རུང་རྒྱལ་ཁབ་ཚང་མའི་ཕྱུགས་སྨན་ཚོད་ལྟ་ཁང་གིས་གྲ་སྒྲིག་གང་ལེགས་བྱས་ནས། མྱུར་མོར་སྲོག་ཆགས་དང་མིའི་རིགས་ཀྱི་ཁ་ཟས་སུ་འདོན་སྤྲོད་བྱེད་པའི་སྲོག་ཆགས་ཀྱི་ཐོན་རྫས་ཁྲོད་ཀྱི་ཏོག་དབྱིབས་ནད་དུག་གསར་བར་ཞིབ་བཤེར་ཚད་འཇལ་བྱེད་པར་ཁག་ཐེག་བྱེད་པར་བརྩོན་བཞིན་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།