ཝང་ཅན་ཅུན་གྱིས་ཏང་ཡོན་རྒན་པ། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་ལིས་ཧུང་ཀྲན་ལ་འཚམས་འདྲི་བྱས།
2020.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 70

ཟླ་གཉིས་པའི་ཚེས་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཧུག་ཝན་སྡེ་བར་སོང་ནས། ཏང་ནང་དུ་ཞུགས་ནས་ལོ་རེ་བཞི་འགོར་བའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་ལིས་ཧུང་ཀྲན་ལ་འཚམས་འདྲི་བྱས་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དམིགས་བསལ་དུས་སྐབས་སུ། ལིས་ཧུང་ཀྲན་གྱིས་དམིགས་བསལ་ཏང་གི་གྲོན་དངུལ་སྒོར་ཁྲི་གཉིས་སྤྲད་པའི་མི་སེམས་འགུལ་བའི་བྱ་སྤྱོད་ལ་གུས་འདུད་ཞུས་པར་མ་ཟད། དངོས་སུ་ཏང་གི་གྲོན་དངུལ་འབྱོར་ཡིག་སྐྱེལ་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་གུང་ཁྲན་ཏང་ཡོན་འབུམ་གསུམ་དང་ཁྲི་བརྒྱད་བཅས་ཀྱི་ཚབ་བྱས་ཏེ་ཁོར་བཀའ་དྲིན་ཞུས།

ལིས་ཧུང་ཀྲན་ཚང་ནས་ཝང་ཅན་ཅུན་གྱིས་ཁོའི་ལག་པར་འཇུས་ཏེ་ཁ་བརྡ་ཞིབ་མོ་བྱས། ཝང་ཅན་ཅུན་གྱིས་བརྩེ་བ་ཟབ་མོས་བཤད་རྒྱུར། རྒྱ་ལོའི་སྨོན་ལམ་མ་ཐོན་གུང་ལོ་སར་ཚར་མེད་པས། དེ་རིང་ངས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁྱེད་ལ་ལོ་སར་གྱི་འཚམས་འདྲི་ཞུས་པ་ཡིན། ཁྱེད་ནི་དགུང་ལོ་གྱ་བདུན་གྱི་རྒན་པོ་ཡིན་ལ། ཆེ་བཀུར་ཆུང་བྱམས་ནི་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་ལྡན་པའི་གོམས་སྲོལ་ཡིན། ལོ་སར་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཡིན་ལ། སྲོལ་རྒྱུན་དུས་ཆེན་གྱི་སྐབས་སུ་ལྷག་ཏུ་གཟི་བརྗིད་ལྡན་པའི་གོམས་སྲོལ་དར་སྤེལ་བྱེད་དགོས། ཁྱེད་ནི་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་ཡིན་ལ། ན་ནིང་གི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་འུ་གཉིས་ཞིང་ཆེན་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་དང་ཆེས་མཛེས་པའི་འབད་འཐབ་པའི་བཞུགས་མོལ་ཚོགས་འདུའི་སྐབས་སུ་ཐུག་ནས་ཁ་བརྡ་བྱས་མྱོང་ལ། སེམས་སུ་རྒྱུན་དུ་ཁྱེད་རང་འཁོར་ཡོང་། ཁེ་ཉིན་མཚོ་སྔོན་གྱི་བརྙན་འཕྲིན་གསར་འགྱུར་ལས་ཁྱེད་ཀྱིས་རང་འགུལ་སྒོས་དམིགས་བསལ་ཏང་གི་གྲོན་དངུལ་སྒོར་ཁྲི་གཉིས་སྤྲད་པའི་མཛད་རྗེས་མཐོང་སོང་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ཆ་ནས། གསར་འགྱུར་དེ་མཐོང་རྗེས་སློབ་གསོ་དང་སྐུལ་མ། སེམས་འགུལ་ཆེན་པོ་ཐེབས་སོང་བས། ཁྱེད་ལ་འཚམས་འདྲི་བྱེད་པར་ཡོང་བ་ཡིན་ཟེར།

ཁ་བརྡ་བྱེད་སྐབས། ཝང་ཅན་ཅུན་གྱིས་རང་གིས་ཁྱེར་ཡོང་བའི་ཏང་གི་སྒྲིག་ཡིག་བླངས་ཏེ། ལིས་ཧུང་ཀྲན་དང་མཉམ་དུ་ཡིག་འབྲི་རེ་རེ་དང་ཚིག་རེ་རེ་བཞིན་ཏང་གི་སྒྲིག་ཡིག་གིས་གཏན་ཁེལ་བྱས་པའི་གུང་ཁྲན་ཏང་ཡོན་གྱི་འོས་འགན་བརྒྱད་བསྐྱར་དུ་སྦྱོང་བ་བྱས། ཝང་ཅན་ཅུན་གྱིས་བཤད་རྒྱུར། ཏང་ཡོན་གྱི་འོས་འགན་ནི་དཔེ་ཆའི་སྟེང་བྲིས་པའི་སྐད་ཆ་ཁོ་ན་ཙམ་མིན་པར། དེ་ལས་ཀྱང་བྱ་སྤྱོད་ཐད་ནས་མངོན་པའི་ཕྱོགས་སྟོན་ཡིན་ལ། ཁྱེད་ཀྱིས་དེ་ལྟར་བསྒྲུབས་པ་དེ་དུས་དང་འཁེལ་ཞིང་བག་ཕེབས་པ། གཟི་བརྗིད་ལྡན་པ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་གྱིས་སློབ་སྦྱོང་བྱེད་སའི་མིག་དཔེ་རེད། སྒོར་ཁྲི་གཉིས་ནི་གྲངས་ཀ་ཉུང་ངུ་ཞིག་མིན་ལ། ཁྱེད་ཀྱིས་འབད་འབད་དུང་དུང་གིས་སྐར་ཆ་རེ་རེ་བཞིན་བསགས་པ་རེད། ཐེངས་གཅིག་ལ་དམིགས་བསལ་ཏང་དངུལ་སྒོར་ཁྲི་གཉིས་སྤྲོད་རྒྱུ་དེ་ལས་སླ་མོ་ཞིག་མིན། ཁྱེད་ཀྱི་སྣེ་ཁྲིད་འོག་་ཏུ། ཁྱེད་ཀྱི་བུ་གཉིས་དང་ཚ་བོ་གཅིག་བཅས་ཀྱིས་ཀྱང་སོ་སོར་དམིགས་བསལ་ཏང་གི་གྲོན་དངུལ་སྒོར་སྟོང་གཅིག་རེ་སྤྲད་འདུག ནད་ཡམས་ནི་མེ་ལོང་ཞིག་སྟེ། དེའི་ངོས་སུ་ཤར་བ་ནི་མི་གཤིས་དང་སེམས་རྒྱུད། ཀུན་སྤྱོད། རིན་ཐང་བཅས་རེད། ཁྱེད་ཚང་གི་མི་རབས་གསུམ་གྱི་མི་སེམས་འགུལ་བར་བྱེད་པའི་མཛད་བཟང་གིས་མེ་ལོང་ངོས་སུ་གུང་ཁྲན་ཏང་མིའི་བླ་ན་མེད་པའི་ཀུན་སྤྱོད་དང་གཟི་བརྗིད་ལྡན་པའི་སྣང་བརྙན། དུས་རབས་ཀྱི་སྤྱོད་བང་བཅས་ཤར་བར་བྱས་ལ། ཏང་དང་རྒྱལ་ཁབ། མི་དམངས་བཅས་བཅངས་པའི་ལྷག་བསམ་མཚོན་པར་བྱས་ཤིང་། ཏང་གཅེས་དང་རྒྱལ་གཅེས། དམངས་གཅེས་ཀྱི་བླང་བྱ་ཞིབ་མོ་ལག་ལེན་དུ་བསྟར་བས། སྤྱི་ཚོགས་ཡོངས་ཀྱིས་བརྩི་བཀུར་བྱེད་པའི་རིན་ཐང་ཆེ་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་སྐབས། ཏང་ཡོན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བསམ་ཞིབ་ཉེར་ལེན་བྱས་ཏེ། ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་དོན་བཟང་དོན་དངོས་བསྒྲུབས་པ་ནས། ཏང་ཡོན་ལ་སློབ་གསོ་བཏང་བར་མ་ཟད། མང་ཚོགས་ལ་ཡང་སློབ་གསོ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་སྤྱི་སྡོམ་ཚོགས་ཆེན་སྟེང་བཤད་རྒྱུར། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་ནི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྟག་བརྟན་གྱི་དཔྱད་གཞི་ཡིན་ལ། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་མི་ཚེ་ཧྲིལ་བོའི་དཔྱད་གཞི་ཡིན། ཁྱེད་ཀྱིས་མི་ཚེ་ཧྲིལ་བོའི་དཔྱད་གཞི་དེར་རྒྱུགས་ལན་བཟང་བོ་ཞིག་སྤྲད་པ་རེད། ཉེ་སྔོན། ཀྲུང་དབྱང་རྩ་འཛུགས་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུས་སོ་སོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ལ་འབོད་སྐུལ་བཏང་ནས། རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ཁྲོད་དུ་གདོང་མཆོངས་དཔེ་སྟན་གྱི་ནུས་པ་འདོན་རྒྱུའི་རེ་བ་བཏོན་ཡོད། ཁྱེད་ཀྱིས་མི་ཚེ་གང་བོར་ཏང་གི་ཆེད་དུ་བྱ་བ་བསྒྲུབས་པ་དང་རི་རྒོད་ལྗང་བསྒྱུར་བྱས་ཤིང་། ད་དུང་ཡང་མུ་མཐུད་དུ་ཏང་ཡོན་རྒན་པ་དང་ཀུན་སྤྱོད་དཔེ་ལེགས་ཅན་གྱི་ནུས་པ་བཟང་བོར་འདོན་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ང་ཚོས་སེམས་ཤུགས་གཅིག་མཐུན་དང་རྡོག་རྩ་གཅིག་སྒྲིལ་བྱས་ན། རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་ཤ་སྟག་ཡིན་ལ། ཁྱེད་ཀྱི་རེ་འདོད་མངོན་འགྱུར་འབྱུང་ཐུབ་པ་ཤ་སྟག་ཡིན་ཟེར།

འཚམས་འདྲིའི་སྐབས་སུ། ཝང་ཅན་ཅུན་ཧུའུ་ཀྲུའུ་རྫོང་ཚའེ་ཅ་པའོ་ཞང་ཧུག་ཝན་སྡེ་བའི་སློག་འདོམས་ས་ཚིགས་སུ་སོང་ནས། མི་སྣ་ཐོ་འགོད་དང་ཉིན་རེའི་དུག་སེལ། རེས་འཁོར་ལས་སྲུང་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས། ཁོས་སྡེ་བའི་ལས་བྱེད་པར་རིམས་ནད་ཀྱི་ཉེན་ཁ་མང་ཚོགས་ལ་གསལ་བོར་བཤད་པ་དང་། མང་ཚོགས་སྐུལ་སློང་དང་རྩ་འཛུགས། རྒྱབ་རྟེན་བཅས་བྱས་ཏེ། ལུས་སེམས་བདེ་ཐང་གི་དོ་དམ་མང་ཚོགས་རང་ཉིད་ལ་སྤྲད་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་ཀྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བར་བྱེད་དགོས་པའི་མངགས་བཅོལ་གནང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཉིང་ཧུའུ་ནུབ་ལམ་གྱི་འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས་ནས། ཝང་ཅན་ཅུན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་ཕྱོགས་དང་བོ་རུ་འབད་འཐབ་བྱེད་པའི་སྤྱི་བདེ་དང་འགྲིམ་འགྲུལ། རིམས་འགོག་བཅས་ཀྱི་མི་སྣ་དང་། ཞང་དང་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པར་བཀའ་དྲིན་ཞུས། ཁོས་ཁྱོད་ཚོ་ནི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བཙན་རྫོང་ཐོག་མ་ཡིན་པ་དང་། མང་ཚོགས་བདེ་ཐང་འབྱུང་བར་བྱེད་པའི་སྒོ་སྲུང་ལྟ་བུ་ཡིན་ལ། དུས་རབས་གསར་བའི་མཚོ་སྔོན་གྱི་ཆེས་ཡིད་དུ་འོང་བའི་མི་ཡིན། དེང་སྐབས་མི་དང་རླངས་འཁོར། དངོས་རྫས་སོགས་གཅིག་ཏུ་འདུས་ཡོད་པས། ཁྲིམས་ལ་བརྟེན་ཞིང་ཚན་རིག་དང་མཐུན་ལ་གོ་རིམ་ཡོད་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་འགོག་བཅོས་ཚོད་འཛིན་བྱེད་པ་དང་། ཞབས་ཞུ་ལེགས་སྒྱུར་བྱེད་པ་དང་ཡུན་ཕན་གྱི་བཅོས་སྐྱོང་བྱེད་པའི་ཐད་ནས་བསམ་བློ་མང་དུ་བཏང་སྟེ། སྒོ་བཟང་བོར་སྲུང་དགོས་པར་མ་ཟད་འགྲིམ་འགྲུལ་ཡང་གེགས་མེད་དུ་གཏོང་དགོས་ཤིང་། མང་ཚོགས་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད་རང་ཉིད་ལ་ཡང་སྲུང་སྐྱོབ་བྱེད་དགོས་པ་དང་། རིམས་ནད་ལ་འགོག་བཅོས་ཚོད་འཛིན་བྱེད་དགོས་མ་ཟད་འཕེལ་རྒྱས་ཐད་ལ་ཡང་ཞབས་འདེགས་ཞུ་དགོས་ཞེས་ནན་གྱིས་བསྟན།

ཡུས་ཚུང་ལི་དང་ཉེའོ་ཁྲིན་ཡུན་གཉིས་འཚམས་འདྲིར་ཞུགས།