ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའའི་བཀོད་འདོམས་པུའུ་ཡི་ཆེད་མཁས་པའི་བློ་འདྲི་བརྙན་རིས་བཞུགས་མོལ་ཚོགས་འདུ་བསྡུས།
2020.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་གཉིས་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་འགོ་འཛིན་བྱས་ཏེ། བཀོད་འདོམས་པུའུ་ཡི་ཆེད་མཁས་པའི་བློ་འདྲི་བརྙན་རིས་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་ལས་དོན་སྤེལ་ཚུལ་སྐོར་ནས་བརྡ་ཁྱབ་བཏང་བར་མ་ཟད། ཆེད་མཁས་པའི་བསམ་འཆར་དང་གྲོས་འགོར་ཉན། ལིག་ཉིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་།ཆེད་མཁས་པའི་རིག་སྟོབས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་ཀྱི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། འགོག་བཅོས་ཚོད་འཛིན་གྱི་བྱེད་ཐབས་སྔར་ལས་ཞིབ་ཚགས་སུ་གཏོང་བ། ཀུན་གྱི་ལེགས་ཆ་འཚོལ་སྡུད་དང་ཇུས་ཤུགས་མཉམ་འདོན་བཅས་བྱས་ཏེ། ཁྲིམས་ལྟར་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་ཞིང་ཕན་འབྲས་ཆེ་བའི་སྒོ་ནས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་མཛུབ་སྟོན་ཚན་ཆུང་ཉེར་བརྒྱད་པའི་ཚན་གཙོ་ཧུའུ་ཞའོ་མིན་ཚོགས་འདུར་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་ཚོགས་ར་གཙོ་བོ་ནས་ཚོགས་འདུར་ཞུགས། བཀོད་འདོམས་པུའུ་ཡི་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ་རང་སོ་སོའི་ས་གནས་ནས་བརྙན་ལམ་བརྒྱུད་དེ་ ཚོགས་འདུར་ཞུགས།

ཚོགས་ཐོག་ནས་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ་བདུན་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རིམས་ནད་ཀྱི་གནས་ཚུལ་དང་ཁྱད་ཆོས། འཕེལ་ཕྱོགས། རྗེས་མཐུད་འཕེལ་ཕྱོགས། ད་ལྟའི་ཐག་གཅོད་བྱེད་ཐབས། རྗེས་མཐུད་འགོག་བཅོས་ཚོད་འཛིན་གྱི་དམིགས་ས་སོགས་ཀྱི་ནང་དོན་ལ་དམིགས་ནས་སྔ་རྗེས་སུ་གཏམ་བཤད་སྤེལ་ཏེ། ཆེད་ལས་དང་མཐུན་པའི་སྒོ་ནས་གྲོས་གཞི་དང་བསམ་འཆར་བཏོན།

ལིག་ཉིང་གིས་ཉན་ཞོར་དང་ཡིད་ལ་འཛིན་ཞོར་དུ་ཚང་མ་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས། ཁོས་ཆེད་མཁས་པ་རྣམས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་ཐག་གཅོད་བྱེད་རིང་ཕན་པ་ཆེ་བའི་ལས་དོན་འབོར་ཆེན་བསྒྲུབས་པར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཆེད་མཁས་པ་དང་རྒྱ་ཆེའི་སྨན་བཅོས་ལས་གཉེར་བ་རྣམས་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ལིག་ཉིང་གིས་རིམས་ནད་འགོག་བཅོས་ཚོད་འཛིན་ནི་ཚན་རྩལ་སྟོབས་ཤུགས་གཙོ་ཤུགས་དམག་ཏུ་བྱེད་པའི་གཡུལ་འགྱེད་ཅིག་ཡིན་པ་དང་། རྒྱ་ཆེའི་ཆེད་མཁས་པ་དང་སྨན་བཅོས་ལས་དོན་མི་སྣ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་མཁན་ཡིན་ལ་འགག་སྒྲོལ་མཁན་ཡང་ཡིན་པར་མ་ཟད། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་སེམས་ཁམས་བརྟན་པོ་ཡོང་བར་བྱེད་མཁན་ཡང་ཡིན་པ་ལས་གཞན། སྤྱི་པའི་འཕྲོད་བསྟེན་རིམས་འགོག་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཞིབ་འཇུག་པ་ཡང་ཡིན་པས། ཆེད་མཁས་པ་དང་སྨན་བཅོས་ལས་དོན་མི་སྣའི་མཛུབ་ཁྲིད་དང་འདེགས་སྐྱོར་གྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་གང་བཟང་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ཚན་རིག་རང་བཞིན་དང་གནད་ལ་འཁེལ་ཚད་ཇེ་མཐོརགཏོང་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་ནི་ས་མཐོར་གནས་པ་དང་། སྨན་བཅོས་ཐོན་ཁུངས་ལ་ཚད་ཡོད་པ། སྤྱི་པའི་འཕྲོད་བསྟེན་རྨང་གཞི་ལྟོས་འཇོག་གིས་ཞན་པ་བཅས་ཀྱི་རྐྱེན་གྱིས། དཀའ་སྤྱད་འབད་བརྩོན་ཆེན་པོས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དེ་བས་ཆེན་པོ་རྒྱག་དགོས་ཀྱི་ཡོད། བསམ་བློ་གཅིག་གྱུར་དང་གོམ་སྟབས་གཅིག་མཐུན། སྔོན་འགོག་ཚོད་འཛིན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་མཚམས་གོང་མའི་སྲིད་འཛིན་འཕྲལ་སྡོམ་དོ་དམ་ཚོད་འཛིན་གཙོ་བོར་བྱེད་པ་ནས་ཚན་རིག་དང་མཐུན་ལ་ནུས་ཆེའི་སྔོན་འགོག་ཚོད་འཛིན་ལ་འགྱུར་ལྡོག་བཏང་སྟེ། བྱེད་ཐབས་མང་པོ་སྤྱད་དེ་ཞིབ་བཤེར་དང་། ཐབས་ལམ་མང་པོ་བརྒྱུད་དེ་སྔོན་འགོག་ཚོད་འཛིན་བྱེད་པ། ཕྱོགས་མང་པོ་ནས་སྐྱོབ་བཅོས་བྱེད་པ། ཕྱོགས་མང་པོའི་འགན་ལེན་བཅས་བརྒྱུད་མཐར། བསྡུ་ཉར་སྨན་བཅོས་བྱེད་ཚད་དང་དྲག་སྐྱེད་ཐུབ་ཚད་ཇེ་མཐོར་གཏོང་བ་དང་། འགོས་ནད་ཕོག་ཚད་དང་ཤི་ཚད་ཇེ་དམའ་རུ་གཏོང་དགོས། ཁུངས་བཙུན་མིན་པ་དྲུག་གི་བླང་བྱ་གཞིར་བཟུང་ནས། བདེ་འཇགས་ཡིན་ལ་གོ་རིམ་ལྡན་པའི་སྒོ་ནས་ཁེ་ལས་དང་ལས་ཁུངས། སྒེར་ཚོང་གཉེར་མཁན། སློབ་གྲྭ་བཅས་ཀྱི་ལས་དོན་སྤེལ་འགོ་རྩོམ་པའི་བྱ་བར་སྒྲིག་འཛུགས་ཡག་པོ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། སྨན་བཅོས་ལས་དོན་མི་སྣའི་གསོ་སྦྱོང་ལ་ཤུགས་བསྣན་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཇུས་གཞིའི་གསར་སྒྱུར་མྱུར་ཚད་རང་འགུལ་ངང་དུས་ཐོག་ཏུ་རྗེས་ཟིན་པར་བྱས་ཏེ། ད་ཐེངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱས་པ་བརྒྱུད་མཚོ་སྔོན་གྱི་ནད་ཐོག་སྨན་བཅོས་ཀྱི་གསོ་རིག་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས། སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། རྒྱ་ཆེའི་ཆེད་མཁས་པ་དང་སྨན་བཅོས་ལས་དོན་མི་སྣར་སེམས་ཁུར་དང་སྲུང་སྐྱོབ་ཡག་པོ་བྱས་ནས། དངོས་ཟོག་དཀོན་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། ཁོང་ཚོར་ལས་ཀ་དང་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཟེར།

ཁོང་ཡུང་གིས་བསྟན་དོན། ཞིང་ཆེན་བཀོད་འདོམས་པུའུ་ཡིས་ཆེད་མཁས་པ་རྣམས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཞིབ་འཇུག་ནན་ཏན་བྱས་ནས་བསྡུ་ལེན་བྱ་རྒྱུ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིབ་ཕྲའི་བྱེད་ཐབས་སུ་བསྒྱུར་རྒྱུ་ཡིན། རྒྱ་ཆེའི་ཆེད་མཁས་པ་རྣམས་ཀྱིས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་ཉམས་མྱོང་ཡག་པོ་དང་བསམ་ཚུལ་ཡག་པོ་མུ་མཐུད་དུ་བཏོན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཟེར།