སུན་ཁྲུན་ལན་གྱིས་ཁྲིད་པའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཝུའུ་ཧན་གྱིས་རིམས་ནད་ཀྱི་འགོ་ཁུངས་སྔོན་འགོག་ཚོད་འཛིན་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱས།
2020.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 64

ཟླ་གཉིས་པའི་ཚེས་དྲུག་ཉིན། ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁྲིད་དེ་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོར་སོང་སྟེ་ཝུའུ་ཧན་གྱིས་རིམས་ནད་ཀྱི་འགོ་ཁུངས་སྔོན་འགོག་ཚོད་འཛིན་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱས་ཤིང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིགས་བཞིའི་མི་སྣ་བསྡུ་ལེན་དང་སྨན་བཅོས་བྱེད་པར་ཞིབ་བཤེར་བྱས་པ་དང་། དམངས་ཡོངས་ལ་ཞིབ་བཤེར་ཞིབ་མོ་བྱས་པ། རྦད་ཆོད་སྒོས་བསྡུ་དགོས་པ་ཅིས་ཀྱང་སྡུད་བ་དང་སྨན་བཅོས་བྱེད་དགོས་པ་ཅིས་ཀྱང་སྨན་བཅོས་བྱེད་རྒྱུ་དངོས་འབེབས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་འགན་སྲུང་བྱས།

ཚེས་དྲུག་ཉིན་གྱི་སྔ་དྲོར། ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་ཞིབ་བཤེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྟེང་། སུན་ཁྲུན་ལན་གྱིས་བསྟན་དོན། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ཏེ། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རེ་བ་ལྟར། རྒྱལ་ཁ་ལེན་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཏང་དང་མི་དམངས་ལ་ཧ་ཅང་དགོས་མཁོ་ཆེ་བའི་སྐབས་སུ་རང་ནུས་གང་ཡོད་འདོན་པ་དང་རིམས་ནད་འགོག་བཅོས་ཀྱི་འགན་འཁྲི་ལག་བསྟར་བྱེད་དགོས་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ཏེ་འགོག་བཅོས་བྱེད་ཐབས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།

ཅང་ཧན་ཆུས་ནི་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་བྱེད་པའི་གནད་འགག་ཁུལ་ཁོངས་ཁྲོད་ཀྱི་གཅིག་ཡིན་པ་དང་ཧྭ་ནན་མཚོ་ཟས་སོས་པོའི་ཚོང་ར་ས་དེ་རུ་བཙུགས་ཡོད། མཛུབ་སྟོན་ཚན་ཁག་ཅང་ཧན་ཆུས་ཀྱི་རིམས་ནད་འགོག་བཅོས་བཀོད་འདོམས་པུའུ་དང་ཝུའུ་ཧན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཅང་ཧན་ཡན་ལག་ཅུའུ་ཡི་བཀོད་འདོམས་ལྟེ་གནས་སུ་སོང་སྟེ་ལས་རེས་བྱེད་པའི་གཞི་རིམ་ལས་བྱེད་པ་དང་སྤྱི་བདེ་ཉེན་རྟོག་པར་འཚམས་འདྲི་བྱས་པ་དང་། གཏན་འཁེལ་བྱས་པའི་སྨན་ཁང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། སུན་ཁྲུན་ལན་གྱིས་བསྟན་དོན། ཝུའུ་ཧན་གྲོང་ཁྱེར་གྱིས་འཕྲལ་སྒྲུབ་བཀོད་འདོམས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་རིག་སྟོབས་གྲོང་ཁྱེར་གྱི་དོ་དམ་བྱེད་ཐབས་ལག་བསྟར་བྱེད་དགོས་ལ། དུས་ཚོད་ཉེར་བཞིའི་རིང་ལ་ལས་རེས་བྱེད་རྒྱུ་བཀོད་སྒྲིག་བྱེད་པ་དང་། ནད་པར་སྨན་བཅོས་དང་སྨན་བཅོས་དངོས་རྫས་འགན་སྲུང་། མང་ཚོགས་ཀྱི་འཚོ་བ་ཁག་ཐེག་བྱེད་པ་སོགས་ཐད་ཀྱི་དཀའ་ཁག་མྱུར་དུ་ཐག་གཅོད་དགོས་ཟེར།