གསར་འགོད་པ། གཡང་འབུམ་ཚེ་རིང་། ཝུའུ་ཕིང་།
བསྟུད་མར་ཉིན་ཤས་རིང་། མཚོ་བྱང་ཁུལ་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་བོད་སྨན་གྱི་ལེགས་ཆར་གཞིགས་ནས་ཆམ་རིམས་སྔོན་འགོག་དང་རིམས་འགོག་ནུས་ཤུགས་མཐོ་རུ་གཏོང་བའི་བོད་སྨན“རིམས་བསྲུང་བདུན་པ”ཞིབ་བཟོ་བྱས་པ་དང་རིན་མེད་ངང་མཁོ་འདོན་བྱས་ཡོད། མིག་སྔར། རང་ཁུལ་གྱི་རིམས་འགོག་འཐབ་ས་དང་པོར་གནས་བའི་སྨན་དོན་མི་སྣ་དང་། རིམས་ནད་བརྟག་ཞིབ་དང་རིམས་འགོག་མི་སྣ། ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྨན་དོན་མི་སྣ་སོགས་གསར་བྱུང་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་མི་སྣར་རིན་པ་མི་དགོས་པར་སྨན་ཐུམ4000ལྷག་ཙམ་མཁོ་འདོན་བྱས་ཡོད།
ཟླ1བོའི་ཚེས31ཉིན། གསར་འགོད་པ་ཁུལ་བོད་སྨན་ཁང་དུ་སྐྱོད་སྐབས། སྨན་ཁང་དེའི་སྨན་དོན་མི་སྣས་རིམས་འགོག་སྨན་མཆོག་རིམས་སྲུང་བདུན་པ་ལས་བཞིན་ཡོད་པ་མཐོང་བྱུང་། རིམས་འགོག་སྨན་དེ་ནི་མི་བཟོས་གླ་རྩི་དང་། ཤུ་དག གུ་གུལ། སྤོས་དཀར་སོགས་བོད་སྨན་ལས་གྲུབ་པ་ཞིག་ཡིན་ཞིང་། སྨན་ཕྱེ་རས་ཁུག་ནང་བླུགས་པ་དང་བྲང་ཁར་བཏགས་ན་དྲི་ངད་མཆེད་དེ་ཆམ་རིམས་དང་། རིམས་ནད། མཁའ་རླུང་གཙང་སེལ། རིམས་འགོག་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཕན་འབྲས་ཐོན་གྱི་ཡོད། ཅེས་ཁུལ་བོད་སྨན་ཁང་གི་བོད་སྨན་སྨན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རིན་མཱ་ཚེ་དཔའ་ཡིས་ངོ་སྤྲོད་བྱས།
ཝུའུ་ཧན་དུ་གསར་བྱུང་ཏོག་དབྱིབས་ནད་དུག་བྱུང་བ་ནས་བཟུང་། ཁུལ་བོད་སྨན་ཁང་གིས་མགྱོགས་མྱུར་སྒོས་གྲ་སྒྲིག་བྱས་ཏེ་བོད་ལུགས་གསོ་རིག་སྨན་གྱིས་གློ་བུར་དུ་ཐོན་པའི་འགོས་ནད་འགོག་བཅོས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། སྨན་ཁང་དེའི་བོད་ལུགས་གསོ་རིག་དང་བོད་སྨན་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་གསར་བྱུང་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་འགོག་བཅོས་ཇུས་གཞི》བཟོས་ནས་སྡོད་ཁང་དང་། བཟའ་བཏུང་། སྨན་རྫས་བཅས་ཕྱོགས་གསུམ་ཐད་ནས་སྔོན་འགོག་བྱ་ཆོག་ཅེས་བསྟན་པ་རེད། སྨན་ནུས་སྔོན་འགོག་གི་ཕྱོགས་ནས། སྨན་པའི་ཁ་ཏ་ལ་ཉན་ནས། ལོ་གྱོན་མ་དང་ནོར་བུ་བདུན་ཐང་། མ་ནུ་བཞི་ཐང་། རིན་ཆེན་གྲང་སྦྱོར་སོགས་འཐུང་དགོས། མིག་སྔར། ཁུལ་བོད་སྨན་ཁང་རང་གིས་ཞིབ་བཟོ་བྱས་པའི་ནག་པོ་དགུ་སྦྱོར་དང་ནོར་བུ་བདུན་ཐང་། ལོ་གྱོན་མ། འཁྲུགས་གློ་ཀུན་སེལ་སོགས་ནད་ཐོག་སྨན་བཅོས་ཐད་སྤྱད་ཡོད་པ་རེད། གོམ་སྟབས་རྗེས་མར། ཁུལ་བོད་སྨན་ཁང་གིས“རིམས་བསྲུང་བདུན་པ།”གང་མགྱོགས་སྒོས་བཟོས་ཏེ་གཞིས་ཁུལ་དང་རྒན་གསོ་ཁང་། ལྟ་ཞིབ་ཚད་ལེན་ས་ཚིགས། རིམས་ནད་སྔོན་འགོག་ཚོད་འཛིན་མཉམ་འབྲེལ་ཞིབ་བཤེར་ས་ཚིགས་སོགས་ལ་སྤྲད་དེ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་རང་ནུས་གང་ཡོད་འདོན་རྒྱུ་རེད།
ཁུལ་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་སྟག་ལྷས་ངོ་སྤྲོད་བྱས་པར་གཞིགས་ན། གངས་ལྗོངས་ས་མཐོའི་བོད་ལུགས་གསོ་རིག་དེ་རྒྱ་གར་གྱི་རིག་བྱེད་གསོ་རིག་དང་། ཀྲུང་ལུགས་གསོ་རིག ནུབ་ཕྱོགས་ཀྱི་སྲོལ་རྒྱུན་གསོ་རིག་བཅས་ནི་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེན་པོ་བཞི་ཞེས་བརྗོད་པ་དང་། བོད་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་ལོ་རྒྱུས་དང་ད་ལྟའི་བོད་ལུགས་གསོ་རིག་ནི་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། བོད་ལུགས་གསོ་རིག་གིས་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཁྲོད་རིམས་ནད་འགོག་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པར་མ་ཟད། ཉེ་བའི་ལོ་ཤས་རིང་ཐོན་པའིSARSདང་ཆམ་རིམས་འགོག་བཅོས་ལས་དོན་ཁྲོད་ཕན་འབྲས་ངེས་ཅན་ཐོབ་ཡོད།
སྟག་ལྷས་དྲན་སྐུལ་ཞུ་དོན། ཆམ་རིམས་དང་གསར་བྱུང་ཏོག་དབྱིབས་ནད་དུག་གི་གློ་ཚད་སྔོན་འགོག་བྱ་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་དང་། མི་མང་འདུ་འཛོམས་བྱ་ཡུལ་དུ་མི་འགྲོ་བ་དང་། རང་གི་གཙང་སྦྲ་ལ་དོ་སྣང་དང་། ལག་པ་བཀྲུ་བ། གྱོན་ཆས་བརྗེ་བ། ཁ་རས་རྒྱག་པ་བཅས་བྱ་དགོས། བཟའ་བཏུང་ལ་ཞག་ཚིལ་ཉུང་བ་དང་ཆོས་ཉིད་ལྡན་པ། ཆུ་མང་ཙམ་འཐུང་བ། ཤིང་ཏོག་དང་སྔོ་ཚལ། འོ་མ། སྒོ་ང་སོགས་མང་ཙམ་ཟ་བ། ངལ་གསོ་བྱེད་པར་ཆོས་ཉིད་དགོས་པ་དང་། ལུས་ཕུང་སྦྱོང་བརྡར་འོས་འཚམ་བྱས་ནས་ལུས་ཁམས་ཀྱི་རིམས་འགོག་ནུས་ཤུགས་ཇེ་མཐོར་གཏོང་དགོས་ཟེར།