ཟླ1བོའི་ཚེས30ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་འབྲེལ་གཏུགས་ས་ཚིགས་མདོ་ལ་རྫོང་དུ་སོང་ནས། སྨན་ཁང་དང་སྡེ་བ། གཞིས་ཁུལ། དངོས་ཟོག་གྲབས་གསོག་མཛོད་ཁང་། སྒོ་རྩིས་ཚོང་ཁང་། གནམ་གྲུ་ཐང་། རླངས་འཁོར་འབབ་ཚུགས་སོགས་སུ་གསར་བྱུང་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དང་ཞིང་ཆེན་གྱི་ཚབས་ཆེའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་རིམ་པ་དང་པོ་དང་ལེན་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་གྲབས་གསོག་ལས་དོན་ལ་བཀའ་བཀོད་གནང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིས་ཅོན་ཞང་དང་། ཁུལ་ཨུའི་རྒྱུན་ཨུའམ་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཧན་ཞང་ཧུའེ། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ལུང་ཡུང་ཧྲེང་བཅས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་ལ་ཕེབས་རོགས་ཞུས།
ཉི་མ་སྒྲོལ་མ་མདོ་ལར་འབྱོར་རྗེས། འཕྲལ་མར་མདོ་ལ་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྙན་ཞུར་ཉན་པ་དང《མདོ་ལ་རྫོང་གི་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་གྲལ་བཤེར་གྱི་དམག་འཐབ་དཔེ་རིས》ལ་ཞིབ་བསྡུར་བྱས་ནས་མི་སྣའི་ཐོ་འགོད་གྲལ་བཤེར་གྱི་ཡིག་ཚགས་ལ་ལྟ་ཞིབ་ཞིབ་ཕྲ་བྱས་པ་རེད། ཉི་མ་སྒྲོལ་མས་མདོ་ལ་རྫོང་གི“རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགེལ་རིས་དམག་འཐབ”དང་། གྲལ་བཤེར་གྱི་རྩིས་ཐོ་ཞིབ་བཤེར། ཞིབ་ཚགས་ཅན་གྱི་དོ་དམ། “དུད་ཚང་བཅུའི་མཉམ་འགོག”“དྲ་མིག་ཅན་གྱི་གྲལ་བཤེར་ལམ་སྲོལ”ནོར་ལུག་ཤི་རོ་གནོད་མེད་ཅན་དུ་སྒྱུར་རྒྱུར་སྐོར་ཞིབ་དང་དེ་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ། ཏང་ཡོན་གྱིས“སྟོད་ཐུང་དམར་པོ”ཐོབ་ཐང་གསལ་བ། གཞི་རིམ་ཏང་ཡོན་གྱིས“དམག་འཐབ་ཡི་གེ”སོགས་སྔོན་ཐོན་དཔེ་མཚོན་དང་། ཉམས་མྱོང་དང་བྱེད་ཐབས་ཕུལ་བར་ཁས་ལེན་གང་ལེགས་བྱས་པ་རེད། ཉི་མ་སྒྲོལ་མས་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ། ཡིད་ཆེས་བརྟན་པོ་དང་ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མདོ་ལའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱེད་དགོས་ཟེར།
ཉི་མ་སྒྲོལ་མ་ཐོག་མར་མདོ་ལ་རྫོང་མི་དམངས་སྨན་ཁང་དུ་ཡོང་ནས་ཆེད་སྤྱོད་ནད་ཁང་དང་སྨན་བཅོས་ཡོ་བྱད་གསོག་འཇོག་སོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་ཏེ། སྨན་བཅོས་སྒྲིག་སྲོལ་ལ་བརྩི་སྲུང་ནན་མོ་ཞུ་དགོས་པ་དང་། རྐང་འཛིན་སྟོབས་ཤུགས་བཀོད་སྒྲིག་དང་གསོ་སྦྱོང་ཡག་པོ་བྱེད་པ། སྒྲིག་ཆས་དང་དངོས་ཟོག་འདང་ངེས་གྲ་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཉི་མ་སྒྲོལ་མས་བསྟན་དོན། སྨན་ཁང་ནི་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་མདུན་གྲལ་དུ་གནས་ཡོད་པས་གྲ་སྒྲིག་གང་ལེགས་བྱས་ཏེ་ནད་པ་སྔ་ཙམ་དབྱེ་འབྱེད་དང་གཅིག་སྡུད་ལོགས་སུ་དབྱེ་རྒྱུར་ཤུགས་སྣོན་རྒྱག་པ། སྔ་ཙམ་ཤེས་རྟོགས་ཐུབ་པ་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས་བྱེད་པ། གཅིག་སྡུད་ཐོག་སྐྱོབ་བཅོས་བྱེད་པ་བཅས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱེད་དགོས་པར་བསྟན། ཉི་མ་སྒྲོལ་མས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་རྒྱ་ཆེའི་སྨན་དོན་ལས་དོན་པར་འཚམས་འདྲི་ཞུས་པ་དང་འབྲེལ་ཚང་མར་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་ནས་རང་ངོས་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་མངགས་བཅོལ་ཡང་གནང་བ་རེད།
མཁར་གྲོང་གཞིས་ཁུལ་དང་གྲོང་གསེབ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་ཡིན། ཉི་མ་སྒྲོལ་མ་སྔ་རྗེས་སུ་ཡོན་ཐུང་གཞིས་ཁུལ་དང་བཙུན་མོ་གཞུང་གྲོང་རྡལ་དམར་ཝོར་སྡེ་བར་ཕེབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་གསར་ཤོས་ཀྱི་སྙན་ཞུར་ནན་ཏན་ངང་གསན་པ་རེད། ཉི་མ་སྒྲོལ་མས་བསྟན་དོན། གཞི་རིམ་ལས་བྱེད་པས་གདོང་ལེན་གྱི་མིག་དཔེ་བྱས་ཏེ་མི་སྣ་དོ་དམ་དང་འཚོ་བའི་ཞབས་ཞུ་སོགས་ཀྱི་ལས་དོན་ཞིབ་ཚགས་དང་ཏན་ཏིག་སྒྲུབ་དགོས་པ་དང་། གྲོང་གསེབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ། ཡུལ་བབ་དང་བསྟུན་པ། ཐབས་ཇུས་ཏན་ཏིག་འདོན་པ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་རྒྱག་དགོས་ཟེར།
རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་བརྒྱབ་ནས་སྨན་བཅོས་རིམས་འགོག་གི་དངོས་ཟོག་འགན་ལེན་ཡག་པོ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཉི་མ་སྒྲོལ་མ་རྫོང་དངོས་ཟོག་གྲབས་གསོག་མཛོད་དང་ཧྭ་ཏུང་སྒོ་རྩིས་ཚོང་ཁང་དུ་ཕེབས་ནས་ཡུལ་དངོས་སུ་དངོས་ཟོག་གྲབས་གསོག་དང་གྲོང་མིའི་འཚོ་བའི་མཁོ་ཆས་བྲིན་ཚོང་། མཛོད་ཉར། རིན་གོང་སོགས་ཐད་གཟིགས་ཞིབ་གནང་བ་རེད། ཉི་མ་སྒྲོལ་མས་རིམས་ནད་སྔོན་འགོག་ཚོད་འཛིན་ནི་བརྒྱུད་རིམ་ལྡན་པའི་ལས་དོན་ཞིག་དང་དངོས་ཟོག་འགན་ལེན་ནི་འགག་རྩའི་ལྷུ་ཚིགས་ཤིག་རེད། སྤྱི་ཚོགས་ཀྱི་ཕྱོགས་ཡོངས་སྟོབས་ཤུགས་སྐུལ་སློང་དང་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཐོན་སྐྱེད་དང་མཁོ་སྤྲོད་ལ་དམ་འཛིན་ཡག་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་མང་ཚོགས་རང་ངོས་ཀྱི་འགོག་སྲུང་དགོས་མཁོ་འགན་ལེན་བྱེད་དགོསཔ་དང་། འབྲེལ་ཡོད་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་ངེས་དངོས་ཟོག་ལ་ཁྱོན་ཡོངས་ནས་རྩིས་བཤེར་བྱས་ཏེ་འབྲུ་སྣུམ་དང་། ཤ་རིགས། བྱ་སྒོང་། སྔོ་ཚལ་སོགས་ཀྱི་ཚོང་ཟོག་ཁྲོམ་རར་མཁོ་འདོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྨན་བཅོས་སྲོག་སྐྱོབ་དང་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་སྐོང་ཐུབ་དགོས་པའི་བླང་བྱ་ནན་གྱིས་བསྟན།།
འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྷུ་ཚིགས་ནི་ནང་འདྲེན་རང་བཞིན་གྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་སྒོ་ཐོག་མ་ཡིན། ཉི་མ་སྒྲོལ་མ་མདོ་ལ་གནམ་ཐང་དང་རླངས་འཁོར་འབབ་ཚུགས་སུ་ཕེབས་ནས་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་གསན་པ་དང་ལས་དོན་མི་སྣར་འཚམས་འདྲི་ཡང་གནང་བ་རེད། ཉི་མ་སྒྲོལ་མས་དཔྱིད་གསར་སྐྱེལ་འདྲེན་རིང་མི་མང་བས་དོགས་ཟོན་ཆེན་པོ་བྱས་ནས་གཙོ་གནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་དགོས་པ་དང་། མེ་འཁོར་སྒུག་ཁང་དང་འགྲོ་འོང་བགྲོད་ལམ་སོགས་ཀྱི་དུག་སེལ་འགོག་སྲུང་དང་འཕྲོད་བསྟེན་གཙང་སྦྲ་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། འབྲེལ་ཡོད་ཕྱོགས་ཁག་དང་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། གཏན་འབེབས་ལྟར་གྲལ་བཤེར་དང་གྲལ་བཤེར་ནན་མོ་བྱེད་པ། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་དང་། ཁྲིམས་ལྟར་སྔོན་འགོག་ཚོད་འཛིན། མཉམ་འགོག་མཉམ་བཅོས་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་བའི་བླང་བྱ་བཏོན།
བརྟག་ཞིབ་མཇུག་འགྲིལ་རྗེས། ཉི་མ་སྒྲོལ་མ་ཨ་རིག་དགོན་དུ་ཡོང་ནས་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་དང་དགོན་སྡེའི་དོ་དམ་ལས་བྱེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྙན་སེང་ལ་གསན་པ་རེད། ཉི་མ་སྒྲོལ་མས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱེད་པ་དང་། དགོན་སྡེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དགོན་སྡེའི་ཞི་མཐུན་བརྟན་ལྷིང་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་དང་ཞི་མཐུན་འགན་ལེན་བྱེད་དགོས་པར་ནན་བཤད་གནང་བ་རེད།
གཡང་འབུམ་ཚེ་རིང་དང་ཕག་མོ་ཚེ་བརྟན་གྱིས་བསྒྱུར།