རྒྱལ་ཡོངས་སུ་གསར་བྱུང་ཏོག་དབྱིབས་ནད་དུག་གི་གློ་ཚད་འགོས་པའི་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ་དང་དོགས་གཞི་ཅན་གྱི་ནད་དཔེ། རྐྱེན་ལམ་དུ་ཤོར་བའི་མི་གྲངས་སོགས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་དུའང་ནད་རྟགས་གཏན་འཁེལ་བྱས་པའི་ནད་པའི་གྲངས་ཀ་ཉིན་བཞིན་མང་དུ་འགྲོ་བ་སོགས་མཐོང་བ་ཙམ་གྱིས་ཧང་སངས་དགོས་པའི་གནས་ཚུལ་རེ་རེས་རྐང་ཚ་རྫོང་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་སྨན་པ་དང་སྨན་གཡོག་དག་ལ་ཡིད་འགུལ་བླ་མེད་ཐེབས། རིམས་ནད་ཀྱི་གནས་ཚུལ་སྔར་བས་ཛ་དྲག་ཏུ་འགྲོ་བའི་སྐབས་འདིར་ཆེས་མཁོ་བ་ནི་རིམས་འགོག་འཐབ་ས་དང་བོར་བསྐྱོད་དེ་ནད་པའི་ན་གཟེར་སེལ་བ་དང་ཤི་ཚད་ཉུང་དུ་བཏང་ནས་རིམས་ནད་བཀག་འགོག་ཐད་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་དེ་མ་ཡིན་ནམ།
ཟླ2པའི་ཚེས2ཉིན། རྐང་ཚ་རྫོང་སྨན་བཅོས་ལས་ཁུངས11གི་ཆེད་ལས་ལག་རྩལ་མི་སྣ278ཀྱིས་རང་མོས་ངང་ཅུས་ཏང་ཙུའུ་ལ་རིམས་འགོག་དམག་འཐབ་ཀྱི་རེ་ཞུ་ཡི་གེ་སྤྲད་པ་དང་། རེ་ཞུ་ཡི་གེའི་ནང་བྲིས་རྒྱུར“རིམས་ནད་སྔོན་འགོག་ཚོད་འཛིན་ནི་དམག་འཁྲུག་ཅིག་ཡིན་པ་དང་། ང་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པར་ཡིད་ཆེས་ཡོད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དམག་ལྭ་དཀར་པོ་གྱོན་ནས་ཕྱིར་བཤོལ་སྤུ་ཙམ་ཡང་མི་བྱེད་པར་གཡུལ་སའི་མདུན་སར་བསྐྱོད་དེ། དོན་དངོས་ཀྱི་འགུལ་སྐྱོད་ཐོག་ནས་དམག་འཐབ་ཀྱི་གླུ་དབྱངས་ལེན་རྩིས་ཡོད།” རྣམ་པ་འདི་མཐོང་བ་ཙམ་གྱིས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྨན་པ་དང་སྨན་གཡོག་ཚོས་བློ་བརྟན་འགྱུར་མེད་དང་སྒེར་སེམས་མེད་པའི་ངང“རྒྱལ་ཁབ་ལ་དམག་འཁྲུག་ཡོད་ན་ངེས་པར་ཞུགས་དགོས་པ་དང་འཐབ་ནས་རྒྱལ་ཁ་ཡང་ལེན་དགོས་པའི”དད་སེམས་མཚོན་པར་བྱས་ཡོད། འདི་ནི་དཀའ་གནས་ལ་རོགས་སྐྱོར་བྱེད་པའི་གཡུལ་འགྱེད་ཅིག་ཡིན་པར་མ་ཟད། མི་དང་མིའི་བར་གྱི་བརྩེ་སེམས་དང་བརྩེ་སེམས་བརྒྱུད་སྤྲོད་བྱས་པ་ཞིག་ཀྱང་ཡིན་པས་ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་བཅུ་བཞི་ལ་དྲོད་ཁོལ་སྦྱིན་འདུག
མཛུབ་ཐེལ་བརྒྱབ་ཡོད་པའི་དམག་འཐབ་ཀྱི་རེ་ཞུ་ཡི་གེ་ཞིག་གི་རྒྱབ་ཏུ། གོང་བུ་གཅིག་ཏུ་འགྲིལ་བ་ནི་མངོན་མེད་ཀྱི་སྟོབས་ཤུགས་དང་ཞུམ་མེད་ཀྱི་སྤོབས་པ་ཡིན་པས། ང་ཚོས་རིམས་འགོག་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཆོད་སེམས་སྔར་བས་བརྟན་དུ་བཏང་ཡོད་ཅེས་བྲིས་འདུག
ངས་རྒྱས་ཚེ་རིང་གིས་བསྒྱུར།