ཟླ2པའི་ཚེས1ཉིན། རྡོ་རྗེ་ཚེ་བརྟན་གྱིས་གཉེན་ཉེ་དང་གྲོགས་པོ་ཚང་མར་ཟླ2པའི་ཚེས6ཉིན་གྱི་གཉེན་སྟོན་གནས་སྐབས་མེད་པ་བཟོ་རྒྱུའི་བརྡ་སྦྱོར་བཏང་ནས་འཐབ་ས་དང་བོར་བསྐྱོད།
སྤྱིར་ན་ཟླ2པའི་ཚེས6ཉིན་ཏེ་ལུགས་རྙིང་གི་རྒྱ་ལོའི་ཚེས་བཅུ་གསུམ་ཉིན་ནི་ཁོའི་བཀྲ་ཤིས་པའི་གཉེན་སྟོན་གྱི་ཉིན་མོ་ཡིན་མོད། འོན་ཀྱང་ཏག་ཏག་ཐེངས་འདིའི་རིམས་ནད་སྔོན་འགོག་གི་སྐབས་དང་འཕྲད། བོད་རིགས་མི་དམངས་ལ་མཚོན་ན“རྒྱ་ལོའི་ཚེས་པ་བཅུ་གསུམ”ནི་བཀྲ་ཤིས་པའི་ཉིན་མོ་ཞིག་ལ་ངོས་འཛིན་བྱས་ནས་ཧ་ཅང་གིས་མཐོང་ཆེན་བྱེད་པ་ཞིག་ཡིན་པས། ཁྱིམ་མིས་རྒྱ་ལོའི་ཚེས་པ་བཅུ་གསུམ་ནི་ཁོའི་གཉེན་སྒྲིག་གི“བཀྲ་ཤིས་པའི་ཉིན་མོར”གཏན་འཁེལ་བྱས་ནས། ཁོའི་རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་བཀྲ་ཤིས་བདེ་ལེགས་ཡོང་བའི་རེ་བ་མཚོན་པར་བྱས་ནའང་རྡོ་རྗེ་ཚེ་བརྟན་གྱིས་ཕ་མས་ངོ་རྒོལ་དང་འཁང་ར་ལ་མ་འཛེམས་པར་གཉེན་སྒྲིག་གི་ཉི་མ་རྗེས་སུ་བསྣུར། ཁོས་ཕ་མར་བཤད་རྒྱུར“རིམས་ནད་ཡལ་རྗེས་ནམ་ཡིན་ཡང་བཀྲ་ཤིས་པའི་ཉིན་མོ་ཡིན་པས་ཉི་མ་གང་བདམས་ནའང་འགྲིག འོན་ཀྱང་ཐེངས་འདིར་ངེས་པར་དུ་རྗེས་སུ་བསྣུར་དགོས། དེ་ནི་ངའི་གདམ་ག་ཡིན་པས་ཁྱེད་ཚོས་ང་ལ་རྒྱབ་སྐྱོར་གནང་རོགས་ཞུ”ཞེས་བཤད། ཁོས་ད་དུང་རྒྱུ་མཚན་གང་མང་གྲ་སྒྲིག་བྱས་རྗེས། སྤོབས་པ་ཆེར་བསྐྱེད་ཀྱིས་མ་འོངས་པའི་བཟའ་ཟླར་ཐེངས་འདིའི་གཉེན་སྟོན་རྗེས་སུ་བསྣུར་དགོས་པ་དང་རིམས་ནད་ཡལ་རྗེས་ཀྱི་ཉིན་མོ་ཞིག་བདམས་ནས་གཉེན་སྟོན་གྱི་ཆོ་ག་གྱ་ནོམ་པ་ཞིག་བཤམས་ཞེས་བཤད་སྐབས། ཁོའི་མ་འོངས་པའི་ཆུང་མའི་གདོང་ལ་འཛུམ་ཞིག་བསྡུས་ནས“ངས་ཤེས་ཡོད། ཁྱེད་ཀྱིས་ཞིབ་བཤེར་ས་ཚིགས་སུ་ཉིན་ལྟར་མི་དེ་འདྲའི་མང་པོ་ཞིག་དང་འབྲེལ་འདྲིས་བྱེད་དགོས་པས་ངོ་མ་སེམས་མི་བདེ་བ་ཞིག་རེད། ཁ་ཐུམ་ཡག་པོ་བརྒྱབས་ནས་རང་ཉིད་ལ་བདག་སྐྱོང་ལེགས་པོ་གནང་རོགས། ངས་ནམ་ཡང་ཁྱོད་བདེ་འཇགས་ངང་ཕྱིར་ལོག་པར་སྒུག་ནས་བསྡད་ཡོད”ཅེས་བཤད་པ་འདིའང་ཁོ་རང་ཆེས་དགའ་སའི་མི་དེས་ཁོ་ལ་བསྩལ་བའི་བརྩེ་དུང་གི་སྟོབས་ཤུགས་མ་ཡིན་ནམ།
རྡོ་རྗེ་མགྱོགས་པོར་ཤོག་དང་། འདི་གར་ལྷ་ས་ནས་ཕྱིར་རྐང་ཚར་ལོག་པའི་བོད་རིགས་སྤུན་ཟླ་འགའ་ཡོང་ཡོད་ཅིང་ཁོང་ཚོས་ཅི་ཞིག་བཤད་ཀྱིན་པ་ཧ་མི་གོ་ཟེར་ཞེས་བཤད་མ་ཐག རྡོ་རྗེ་ཚེ་བརྟན་ཐོ་འགོད་ཁང་ནས་བྲེལ་འཚུབ་ངང་རྒྱུགས་ནས་ཡོང་སྟེ་སྐད་ཆ་འགའ་དྲིས་རྗེས་ཕྱིར་ལམ་ལ་ཆས་པའི་དུས་ཚོད་དང་། འབྱོར་བའི་དུས་ཚོད། ཉིན་གྲངས། རླངས་འཁོར་གྱི་ཐེངས་གྲངས། མི་གྲངས། གཟུགས་པོའི་གནས་ཚུལ་སོགས་ཐོ་འགོད་བྱེད་དགོས་པའི་ཆ་འཕྲིན་གཅིག་ཀྱང་མ་ལུས་པར་ཐོ་འགོད་བྱས།
2014ལོར་སློབ་ཆེན་མཐར་ཕྱིན་རྗེས་ཁོས་འདི་ལས་སོས་དལ་གྱི་ལས་ཀའི་གོ་སྐབས་མང་བོ་དོར་ནས་མདའ་བཞི་རྫོང་སྤྱི་བདེ་ཅུས་ནས་ཉེན་རྟོག་ལས་རོགས་པ་ཞིག་གི་ཕུགས་བསམ་ལ་བརྩོན་སེམས་ཀྱི་མེ་ཁ་ཐོག་མ་གསོས་པ་ནས་བཟུང་བོད་རིགས་མི་འབོར་གྱིས75%ཟིན་པའི་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་མངགས་གཏོང་ཁང་དུ་ལོ5ལ་ལས་ཀ་བྱས། ཁོས་སྤྱི་བདེའི་ལས་དོན་ལ་བཅངས་པའི་སྤྲོ་སེམས་དེ་ནི་མི་དམངས་ཉེན་རྟོག་པ་ངོ་མ་ཞིག་ཡིན་མིན་ལ་མི་ལྟ་བར་ཕུགས་བསམ་དང་འཚོལ་སྙེག་གི་ཁྲོད་ནས་མདུན་དུ་བསྐྱོད་རྒྱུ་དེ་ཡིན་ཟེར།
རེད་ཡ། མི་མང་བོ་ཞིག་ལ་ཕུགས་བསམ་ཡོད་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་ཀྱི་ཕུགས་བསམ་ལ་ངོ་ལོག་མི་བྱེད་པར་དོན་གཉེར་བྱེད་མཁན་གྱི་མི་ག་ཚོད་ཡོད་དམ།
ཟླ1བོའི་ཚེས24ཉིན་ནས་བཟུང་རྡོ་རྗེ་ཚེ་བརྟན་དང་ཁོའི་འཐབ་གྲོགས་ཚང་མ་དུས་ཚོད24རིང་རྒྱུན་ཆད་མེད་པར་འཁོར་སྐྱོད་བྱེད་བཞིན་ཡོད་ལ། འདི་ལྟར་འཐབ་ས་དང་བོའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་འདི་དག་གིས་གུས་ལུགས་དང་། འདྲི་རྩད། ཐོ་འགོད། དུག་སེལ་སོགས་བྱེད་པའི་བྱ་ཐབས་ལ་བརྟེན་ནས། རླངས་འཁོར་དང་མང་ཚོགས་ལ་ཁོང་ཚོའི་ཐོབ་ཐང་གསལ་སྟོན་བྱས་ཡོད་པ་དང་། ཉིན་རྒྱུན་གོ་རིམ་དེ་དག་ཐེངས་སྟོང་ཕྲག་ཁ་ཤས་ལ་བསྐྱར་ཟློས་དང་ནན་ཏན་གྱིས་འགག་སྒོ་སྲུང་ནས་ནད་དུག་འཆོར་ས་མེད་པར་བྱས་ཏེ་མེས་རྒྱལ་དང་ཕ་ཡུལ་མི་དམངས་ལ་རང་ནུས་གང་ཡོད་ཀྱིས་ཞབས་འདེགས་ཞུས་དང་ཞུ་བཞིན་ཡོད།
ཕག་མོ་ཚེ་བརྟན་གྱིས་རྩོམ་བསྒྱུར་བྱས།