གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ནད་ཁྲི1500མཁོ་འདོན་བྱེད་ཐུབ་པའི་ལེ་ཧྲིན་ཧྲན་སྨན་ཁང་འགྲུབ་ལ་ཉེ་བའི་བར་སྐབས་ཏེ། ཟླ2པའི་ཚེས6ཉིན། «ནུབ་མཚོ་གྲོང་ཁྱེར་ཚགས་པར་ཁང»གི་གསར་འགོད་པས་རང་ཞིང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་གི་མི་སྣ25ཝུའུ་ཧན་ལེ་ཧྲི་ཧྲན་སྨན་ཁང་འཛུགས་སྐྲུན་བྱེད་པའི་ལས་གཞིའི་ཁྲོད་ཞུགས་ཡོད་པ་དང་། ཉིན་ཞག་བཅུར་རྒྱུན་མཐུད་ནས་འཛུགས་སྐྲུན་གྱི་ལས་ལ་གཞོལ་བཞིན་ཡོད་པ་རྒྱུས་ལོན་བྱུང་།
ཟླ2པའི་ཚེས6ཉིན། ཝུའུ་ཧན་ལ་ཆར་བ་ཆེན་པོ་བབས་ཀྱང་། ལེ་ཧྲིན་ཧྲན་སྨན་ཁང་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད་ཞུགས་ཡོད་པའི་ཀྲུང་ཧེ་ཧྥིན་དང་ཁོའི་ལས་རོགས་གཉིས་ཀྱིས་ལས་ཀ་དག་ཡོངས་འགྲུབ་བྱས་ཡོད་པ་རེད། མིན་ཡོན་རྫོང་ཆིན་ཧྲི་ཙེ་གྲོང་རྡལ་ཧེ་ཧྲི་ཐིག་སྡེ་བ་ནས་ཐོན་པའི་ཀྲུང་ཧེ་ཧྥིན་ནི་ཝུའུ་ཧན་གྲོང་ཁྱེར་དུ་ཡོད་པའི་མིན་ཡོན་རྫོང་གི་ཅིན་ཡོན་ཐུག་པ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན། ཁོས་ལས་སྣོན་བྱས་པའི་བྱ་བ་དག་ཕྱིར་དྲན་བྱེད་བཞིན། “ཧ་ཅང་ཐང་ཆད་ནའང་རིམས་འགོག་གི་བྱ་བར་ནུས་ཤུགས་ཏིལ་འབྲུ་ཙམ་ཞིག་འདོན་ཐུབ་སོང་ན་རིན་ཐང་ཆེན་པོ་ལྡན་སྙམ”ཟེར།
ཟླ1པོའི་ཚེས26ཉིན་ཏེ། ལོ་སར་གྱི་ཚེས་གཉིས་ཉིན། ཝུའུ་ཧན་ནས་ལོ་བཅོ་ལྔར་འཚོ་བ་བསྐྱལ་བའི་ཀྲུང་ཧེ་ཧྥིན་གྱིས་ཁྱིམ་དུ་ངལ་གསོ་བཞིན་ཡོད། སྐབས་དེར་རང་ཁྱིམ་དང་བར་ཐག་མི་རིང་བའི་སར་ལེ་ཧྲིན་ཧྲན་སྨན་ཁང་འཛུགས་སྐྲུན་བྱེད་པར་མི་སྣ་བསྡུ་བའི་བརྡ་གོ་རྗེས། ཝུའུ་ཧན་དུ་ཁ་ལོ་བའི་ལས་རིགས་གཉེར་བཞིན་པའི་གྲོགས་པོ་ཉི་ཤུ་ལྷག་བསྡུ་རུབ་བྱས་ཏེ། ལས་གཞི་འཛུགས་སྐྲུན་བྱེད་སར་སོང་ནས་མིང་ཐོ་བཀོད།
ཉིན་དེར། ཀྲུང་ཧེ་ཧྥིན་དང་ཁོའི་གྲོགས་པོ་རྣམས་ཀྱིས་ས་སྙིགས་འདྲུད་འཁོར15བསྐོར་ནས་འཛུགས་སྐྲུན་བྱེད་སར་ཐོན། ལེ་ཧྲིན་ཧྲན་སྨན་ཁང་གི་ལས་རིམ་མཐའ་དག་ཉིན་བཅོ་ལྔའི་ནང་ཡོངས་འགྲུབ་བྱ་དགོས་པས། དུས་ཡུན་ཐུང་ལ་འགན་འཁུར་ལྕི་མོད། ཁོ་ཚོས་མགྱོགས་མྱུར་ངང་ལས་འགན་ཡོངས་འགྲུབ་བྱ་ཆེད་ཉིན་ཞག་མེད་པར་ལས་ཀར་ཞུགས་ནས་ས་འདྲུད་ཀྱི་བྱ་བར་ཧུར་བརྩོན་བྱས།
དེ་མིན་དུས་ཚོད་དམ་འཛིན་བྱ་ཆེད། ཀྲུང་ཧེ་ཧྥིན་གྱིས་ཝུའུ་ཧན་དུ་ཟ་ཁང་གཉེར་བཞིན་པའི་ཡུལ་གྲོགས་མཱ་ཚེ་ཧྲིན་ལ་ཁ་པར་བཏང་ནས། ཉིན་རྒྱུན་ཁོ་ཚོར་ཟ་མ་སྐྱེལ་དུ་བཅུག
“སྐབས་དེར་ཚང་མས་སེམས་ན་ལས་འགན་ཇི་ལྟར་ལྕི་རུང་ངེས་པར་དུ་ཡོངས་འགྲུབ་བྱ་དགོས་སྙམ་པའི་སྟོབས་ཤུགས་ཤིག་གིས་ཁེངས་འདུག”ཟེར།
ཏག་ཏག་ཉིན་ཞག་བཅུའི་རིང་ལ། རླངས་འཁོར་བཅོ་ལྔ་ཡིས་ཉིན་མཚན་མེད་པར་ལས་སྣོན་བྱས་ཤིང་། ཁོ་ཚོས་ཟ་འཐུང་སོགས་ཀྱང་རླངས་འཁོར་དུ་རེས་མོས་ངང་བྱེད་བཞིན་ཡོད་པས། མི་ཚང་མས་ཆ་སྙོམས་ཀྱིས་ཉིན་གཅིག་ལ་དུས་ཚོད་གསུམ་ནས་ལྔའི་བར་དུ་མ་གཏོགས་ངལ་གསོ་བྱ་ཐུབ་ཀྱི་མེད།
ཀྲུང་ཧེ་ཧྥིན་གྱིས་བཤད་རྒྱུར། “འདི་ལྟར་ལས་སྣོན་བྱས་ན་ལུས་པོ་ཧ་ཅང་ཐང་ཆད་མོད། འོན་ཀྱང་སེམས་ལ་སྨན་ཁང་འགྲུབ་སོང་ན་ནད་པ་མང་པོ་སྔ་མོ་ནས་དྲག་སྐྱེད་ཡོང་ངེས་སྙམ་ན་ལུས་པོར་ཆད་སྣང་མི་འདུག”ཟེར།
ཡང་ས་གནས་སྲིད་གཞུང་གི་མི་རྣམས་གནས་དེར་མེད་ནའང་། རིམས་ནད་འབྱུང་བཞིན་པའི་ཛ་དྲག་གི་གནས་བབ་འདིར་ས་གནས་སྲིད་གཞུང་གིས་ཀྱང་ས་གནས་གཞན་དུ་ལས་ལ་བརྩོན་བཞིན་པའི་མཚོ་སྔོན་པ་དག་སེམས་ལ་ཐོགས་ནས་ཡོད་དེ། ཟླ2པའི་ཚེས1ཉིན། འཛུགས་སྐྲུན་བྱེད་སར་ལས་ཀར་ཞུགས་བཞིན་པའི་ཀྲུང་ཧེ་ཧྥིན་དང་ཁོའི་ལས་གྲོགས་ཚོར་མིན་ཡོན་རྫོང་ཆིན་ཧྲི་ཙེ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་བསྐུར་བའི་འཚམས་འདྲིའི་ཡི་གེ་ཞིག་འབྱོར་སོང་། ཀྲུང་ཧེ་ཧྥིན་དང་ཁོའི་ལས་རོགས་པ་རྣམས་ལེ་ཧྲིན་ཧྲན་སྨན་ཁང་གི་འཛུགས་སྐྲུན་ཁྲོད་ཞུགས་པ་ཐོས་འཕྲལ། མིན་ཡོན་རྫོང་ཆིན་ཧྲི་ཙེ་གྲོང་རྡལ་གྱི་འགོ་གཙོ་མཱ་ཧེ་ཆིན་གྱིས་མྱུར་དུ་སྐད་འཕྲིན་དུ་ཁོ་ཚོས་མུ་མཐུད་ནས་མཐོ་སྒང་མི་དམངས་ཀྱི་སྙིང་སྟོབས་དར་སྤེལ་བྱ་རྒྱུ་དང་། རང་ཉིད་ལ་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་རིམས་འགོག་གི་བྱ་བར་ཧུར་ཐག་གང་ལེགས་བྱ་དགོས་པར་སྐུལ་མ་བཏང་།
ཝུའུ་ཧན་དུ་ཡོད་པའི་ལས་བཟོ་རྣམས་ལ་དངོས་ཟོག་གིས་མི་འདང་བའི་གནས་ཚུལ་བྱུང་བ་ཤེས་འཕྲལ། མིན་ཡོན་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས་མྱུར་དུ་ཁ་ཐུམ་དང་རིམས་འགོག་གི་དངོས་པོ་གཞན་དག་མང་པོ་བསྐུར་བས། རྒྱང་རིང་བའི་ས་ན་ལས་ལ་བརྩོན་བཞིན་པའི་ཀྲུང་ཧེ་ཧྥིན་དང་ཁོའི་གྲོགས་པོ་ཚོའི་སེམས་ལ་དྲོད་ཁོལ་སྐྱེལ།
གསར་འགོད་པ་ཐུབ་བསྟན་གྱིས་བསྒྱུར།