གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན་གྱི་ཞོགས་པར། བསོད་ནམས་ཚེ་རིང་རྫོང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་མི་སྣ་དང་མཉམ་དུ་ཀྲུང་གོ་ཞིང་ལས་དངུལ་ཁང་སོག་རྫོང་ཡན་ལག་དངུལ་ཁང་དུ་སོང་ནས་དམངས་སྒོར་ཁྲི11བླངས་ཏེ་ཏང་དངུལ་སྤྲད། ཁོས་བཤད་རྒྱུར། རང་ཉིད་ནི་ཏང་ལ་ཞུགས་ནས་ལོ་ཉེར་བཞི་འགོར་ཡོད་པའི་ཏང་ཡོན་རྒན་པ་ཞིག་ཡིན་པས། འདི་འདྲའི་བྱ་ཐབས་སྤྱད་དེ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་ཙམ་བཏོན་པ་ཡིན། ཝུའུ་ཧན་མྱུར་དུ་རིམས་ནད་ལས་ཐར་བར་སྨོན་ཞེས་བཤད།
བསོད་ནམས་ཚེ་རིང་ནི1996ལོར་ཀྲུང་གོ་ཀྲུང་ཁྲན་ཏང་ནང་དུ་ཞུགས་པ་དང་། བྱ་བའི་སྟེང་ཞུགས་རྗེས་ཁོས་རང་འགུལ་གྱིས་ཁས་ལེན་བྱས་ཏེ་འཚོ་བའི་ཆ་རྐྱེན་ཞན་པའི་མཐའ་འཁོབ་ས་ཆར་སོང་ནས་བྱ་བ་གཉེར་བས། རྩ་འཛུགས་ཀྱིས་ཐེངས་མང་པོར་ཁོང་ལ་བྱ་དགའ་གནང་སྟེ་བཟང་བསྟོད་བྱས། 2015ལོར་བསོད་ནམས་ཚེ་རིང་ལ་སྒལ་ཚིགས་ཀྱི་ནད་ལྗིད་མོ་ཞིག་བྱུང་ནས་རྒྱུན་ལྡན་ལྟར་འགུལ་སྐྱོད་བྱེད་མ་ཐུབ་པས། ཕྱིར་རང་ཡུལ་དུ་ལོག་ནས་སྤྱི་ཕན་གྱི་བྱ་བར་འབད་འགོ་བརྩམས། རག་རྩིས་བྱས་པ་ལྟར་ན། ཁོ་རང་ལས་འཁྱུར་ངལ་གསོ་བྱས་པ་ནས་ད་ལྟའི་བར་དུ་དམངས་སྒོར་ཁྲི50ལྷག་གིས་དབུལ་ཕོངས་སློབ་མ་དང་ཁྱིམ་ཚང་སོགས་ལ་རོགས་སྐྱོར་བྱས་ཡོད་པ་རེད།
ཁོའི་ཆུང་མ་བསོད་ནམས་སྒྲོལ་མས་བཤད་རྒྱུར། ཁོས་ཐེངས་འདིའི་ཝུའུ་ཧན་གྱི་ནད་ཡམས་དེའི་ཚབས་ཆེན་རང་བཞིན་ཤེས་རྗེས་ང་ཚོར་ཏང་དངུལ་སྤྲོད་པའི་དོན་དག་དེ་གྲོས་བསྡུར་བྱས། ང་ཚོ་ཁྱིམ་ཚང་གཅིག་ཡིན་པའི་ངོས་ཐད་ནས་ཁྱིམ་མི་གང་བོས་ཁོ་ལ་རྒྱབ་སྐྱོར་བླ་མེད་བྱས་པ་ཡིན་ཟེར།
རྨ་ལྷོ་སོག་རྫོང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གིས་བཤད་རྒྱུར། ཁོ་རང་ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས།ལག་ལེན་དངོས་ཀྱི་སྟེང་ནས་ཐོག་མའི་ཕུགས་འདུན་མ་བརྗེད་པར་ལྷག་བསམ་ཟོལ་མེད་ཀྱིས་ཏང་ལ་དགའ་བའི་བརྩེ་སེམས་དང་སྙིང་སྟོབས་འདིར་ང་ཚོས་སློབ་སྦྱོང་བྱེད་འོས་བ་ཞིག་རེད་ཟེར།
གསར་འགོད་པ་ཐུབ་བསྟན་རྡོ་རྗེ་ཡིས་བསྒྱུར།