ཟླ་གཉིས་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་འགོ་འཛིན་བྱས་ཏེ། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་ཡུལ་དངོས་གྲོས་ཚོགས་བསྡུས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་གཏིང་ཟབ་བྱེད་རྒྱུ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར་དུ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱེད་ཕྱོགས་དངོས་འབེབས་ནན་མོ་བྱེད་དགོས། རིགས་དགར་བ་དང་གོ་རིམ་ལྡན་པའི་སྒོ་ནས་ཁེ་ལས་ཀྱི་ལས་འགོ་རྩོམ་པའི་བྱ་བར་ཞིབ་བཤེར་ནན་མོ་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་པ། རྒྱུན་ལྡན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་ནུས་ལྡན་བྱེད་པ་བཅས་ལ་འབད་དགོས་ཟེར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་ཁྱབ་བསྒྲགས་བྱས་པ་ལས་གཞན། ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱི་གླིང་ཁུལ་ཁག་སོ་སོའི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དེ་བཞིན་ཁེ་ལས་ཀྱི་ལས་འགོ་རྩོམ་པའི་གནས་ཚུལ་ལ་ཉན་པར་མ་ཟད། མ་འོངས་པའི་ལས་དོན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ལིག་ཉིང་གིས་ནན་གྱིས་བསྟན་དོན། བྱེད་ཐབས་སྔར་ལས་ནན་མོ་སྤྱད་དེ་མིག་སྔའི་རིམས་ནད་འགོག་བཅོས་ཚོད་འཛིན་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་ཁེལ་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས། མིག་སྔའི་རིམས་ནད་ཀྱི་དུས་བབ་གསར་བ་གཞིར་བྱས་ཏེ། དམིགས་འཛུགས་ས་ཡོད་པའི་སྒོ་ནས་བྱེད་ཐབས་སྤྱད་དེ་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲིམས་ལྟར་ཡག་པོ་བྱེད་དགོས། ཁེ་ལས་ཀྱི་ལས་འགོ་གསར་དུ་འཛུགས་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། མི་ཆོག་པ་དྲུག་གི་བླང་བྱ་གཞིར་བཟུང་ནས། ཁེ་ལས་རེར་སྲིད་ཇུས་རེ་དང་རིགས་དབྱེ་ཁག་བགོས་ཀྱིས་ཁེ་ལས་ཀྱིས་ལས་འགོ་ཚུགས་རྒྱུར་སྐུལ་འདེད་གཏོང་དགོས། ལོ་སར་གྱི་གུང་གསེང་རིང་ཐོན་སྐྱེད་བྱེད་མཚམས་བཞག་མེད་པའི་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་རིང་གློ་ཚད་མི་འབྱུང་བ་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནད་དོན་མི་འབྱུང་བར་འགན་ལེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་བྱེད་དགོས་པ་དང་། ལས་འགོ་བསྐྱར་རྩོམ་བྱེད་རྩིས་ཡོད་པའི་ཁེ་ལས་ཀྱིས་ཞིབ་ཕྲའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཚད་གཞིར་ལོན་རྗེས། གང་མགྱོགས་སྒོས་ལས་འགོ་བརྩམ་ནས་ཐོན་སྐྱེད་ཀྱི་ཚད་གཞིར་སླེབས་ཐུབ་པར་བྱེད་དགོས། ཁེ་ལས་ཀྱི་ལས་འགོ་བརྩམས་རྗེས་སྔོན་འགོག་ཚོད་འཛིན་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཇེ་ནན་དུ་བཏང་ནས། ལས་བཟོ་བའི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཡོང་བར་འགན་ལེན་བྱེད་དགོས། ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲིར་ཤུགས་སྣོན་པ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ནན་མོ་བྱེད་པ། ཁེ་ལས་ཀྱི་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་ཁེལ་བྱས་ཏེ་དོན་འཁྱོལ་བྱེད་པ། མ་དངུལ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱིས་ལས་འགོ་རྩོམ་པ་དང་ལས་མི་བཀོལ་སྤྱོད་ཀྱི་འགན་ལེན་ལ་ཤུགས་སྣོན་པ། ཁེ་ལས་སོ་སོར་མངགས་སྡོད་འབྲེལ་གཏུག་པའི་ལམ་ལུགས་འཛུགས་པ། ཁེ་ལས་ཀྱི་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཀྱིས་གང་མགྱོགས་རྒྱུན་གཏན་ངང་ཐོན་སྐྱེད་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་གཉིས་ཀ་དམ་འཛིན་དང་གཉིས་ཀར་སྐུལ་འདེད་གཏོང་དགོས་ཟེར།
ཝང་ཞའོ་ཡིས་བསྟན་དོན། ཟི་ལིང་གྲོང་ཁྱེར་དང་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱིས་ངེས་པར་དུ་རིམས་ནད་འགོག་བཅོས་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་བཀོད་འདོམས་པུའུ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་དང་ཐག་གཅོད་བྱ་རྒྱུ་དེ་མིག་སྔའི་ལས་དོན་གལ་ཆེ་ཤོས་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་ངེས་ཡིན། བྱེད་ཐབས་ནུས་ལྡན་སྤྱད་དེ་གྲོང་ཁྱེར ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་རྨང་གཞིའི་ཐོག རིམས་ནད་འགོག་བཅོས་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནས། ་རིགས་དབྱེའི་སྲིད་ཇུས་ལག་བསྟར་དང་ཁེ་ལས་གཅིག་ལ་ཐབས་ཇུས་གཅིག་རྒྱུན་འཁྱོངས་བྱེད་པ་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོར་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་གསུམ་གྱི་ལས་དོན་ཁག་གཅིག་གྱུར་སྒོས་དམ་འཛིན་ཡག་པོ་བྱེད་དགོས་ཟེར།