འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་དུ་ནད་དུག་འགོག་རྒོལ་སྒྲིག་ཆས་དཀོན་པའི་གནད་དོན་ཐག་གཅོད་པར་མཐུན་སྦྱོར་གང་ལེགས་བྱེད་བཞིན་ཡོད་ཅེས་བཤད།
2020.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། མིག་སྔར་འཛམ་གླིང་སྟེང་དུ་ཏོག་དབྱིབས་ནད་དུག་གསར་བ་འགོག་བཅོས་ཚོད་འཛིན་བྱེད་པའི་བཀོལ་བའི་སྒྲིག་ཆས་མཁོ་འདོན་བྱས་པ་མི་འདང་བས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྒེར་གཉེར་སྡེ་ཁག་དང་བཅས་པའི་འགོག་སྲུང་སྒྲིག་ཆས་མཁོ་འདོན་བྱེད་མཁན་ལ་འབྲེལ་འདྲིས་བྱས་ཏེ་གནད་དོན་དེ་ཐག་གཅོད་བཞིན་ཡོད་པར་མ་ཟད། རིམས་ནད་འགོག་རྒོལ་གྱི་འཐབ་ཕྱོགས་དང་བོའི་སྨན་བཅོས་འཕྲོད་བསྟེན་མི་སྣར་དམིགས་བསལ་གྱིས་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་ཐན་ཏི་སའེ་ཡིས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོར་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་བཀོལ་བའི་ཚད་ལེན་སྨན་ཁུག་དང་ཁ་ཐུམ། ལག་ཤུབས། དབུགས་རྔུབ་འཕྲུལ་ཆས། འགོག་སྲུང་ལྭ་བ་སོགས་འདོན་སྤྲོད་བྱས་ན་ཡང་། སྒྲིག་ཆས་དེ་དག་ཁྲོམ་ར་རུ་མཁོ་འདོན་བྱས་པ་ཧ་ཅང་མི་འདང་བས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནད་དུག་འགོ་ཚད་དམའ་བའི་རྒྱལ་ཁབ་དང་ས་ཁུལ་གྱི་མི་སྒེར་གྱིས་སྨན་བཅོས་འགོག་སྲུང་སྒྲིག་ཆས་མང་ཉོ་བྱེད་པར་སྐུལ་མ་མི་གཏོང་ཟེར།

ཐན་ཏི་སའེ་ཡིས་ཕྱོགས་སོ་སོས་རྡོག་རྩ་གཅིག་སྒྲིལ་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་འགོག་རྒོལ་བྱེད་པའི་བྱ་བར་རྒྱུས་ལོན་ངོ་མ་བྱས་ཏེ། མིའི་རིགས་ཡོངས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་བ་ལས་རང་ཉིད་ཁོ་ནའི་ཁེ་ཕན་ལ་བསམ་བློ་མི་གཏོང་རྒྱུའི་འབོད་སྐུལ་བཏང་། ཁོས་རྒྱལ་ཁབ་དང་འབྲེལ་ཡོད་ཁེ་ལས་ཚང་མས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་མཉམ་ལས་བྱས་ཏེ། འདྲ་མཉམ་ལུགས་མཐུན་གྱི་སྒོ་ནས་སྒྲིག་ཆས་དེ་དག་བཀོལ་སྤྱོད་བྱེད་རྒྱུ་མ་ཟད་ཁྲོམ་ར་ཡང་བསྐྱར་དོ་མཉམ་དུ་གཏོང་རྒྱུའི་འབོད་སྐུལ་བཏང་།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་བྲེལ་མྱུར་ལས་གཞིའི་འགན་ཁུར་བ་མའེ་ཁི་ཨར་རོས་ཨན་གྱིས་འགྲེལ་བཤད་བྱེད་རྒྱུར། སྨན་བཅོས་འགོག་སྲུང་སྒྲིག་ཆས་ཀྱི་མཁོ་འདོན་མུ་རྒྱུད་ལ་ཐོན་རྫས་ཐོན་སྐྱེད་ཚོང་བ་འདུ་བར་མ་ཟད། ད་དུང་མ་བཅོས་རྒྱུ་ཆའི་ཐོན་སྐྱེད་ཚོང་བ་དང་། ཕྱིར་འཚོང་ཚོང་བ། སྡེབས་འཚོང་ཚོང་བ། སིལ་འཚོང་ཚོང་བ་བཅས་ཀྱང་འདུ། མཁོ་འདོན་མུ་རྒྱུད་ཀྱི་གོ་རིམ་རེ་རེ་ནས་དངོས་རྫས་ཆད་པ་དང་། ཁེ་ལོག་ཆེན་པོ་ལེན་པ། སྤོར་འཚོང་བྱེད་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད་པས། ང་ཚོས་རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་མཐུན་སྒྲིལ་བྱེད་དགོས་པར་མ་ཟད། ད་དུང་སྤྱི་པའི་སྡེ་ཁག་དང་སྒེར་གཉེར་སྡེ་ཁག་བར་དུ་མཐུན་སྒྲིལ་ཆེན་པོ་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་མི་སྣས་འགོག་སྲུང་སྒྲིག་ཆས་མེད་པའི་གནས་ཚུལ་འོག་ནད་པར་སྨན་བཅོས་ལྟ་སྐྱོང་བྱེད་དགོས་པའི་སྣང་ཚུལ་མི་འབྱུང་བར་བྱེད་དགོས་ཟེར།