མཚོ་སྔོན་ནས་ཁྱིམ་ཚང་ཞིག་གི་ནང་མི15མཉམ་འཛོམས་བྱས་པས་ཁྲིམས་ཆད་ཕོག
2020.02.10 ཁུངས། ཀློག་གྲངས། 47

  གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཉེ་ཆར། ཕིན་ཨན་ཁུལ་སྤྱི་བདེ་ཅུའུ་ས་དཀར་མངག་གཏོང་ཁང་གིས་ཧྲི་ཧོས་ཡའོ་མངག་གཏོང་ཁང་དང་མཉམ་འབྲེལ་སྒོས་མི་དམངས་སྲིད་གཞུང་གིས་སྤེལ་བའི་ཛ་དྲག་གི་གནས་ཚུལ་འོག་ཡོངས་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་ལག་བསྟར་མི་བྱེད་པའི་གྱོད་གཞི་ཞིག་མགྱོགས་མྱུར་སྒོས་ཐག་གཅོད་བྱས་ཏེ། ཁྲིམས་ལྟར་མི12ལ་བསླབ་བྱ་བཏང་བ་དང་མི3བཀག་ཉར་བྱས།

2020ལོའི་ཟླ2པའི་ཚེས5ཉིན། ས་དཀར་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད། ས་དཀར་གྲོང་རྡལ་གྱི་གྲོང་ཚོ་ག་གེ་མོའི་གྲོང་མི་ཆེ་གེ་མོས་ཁྲིན་ཆེ་གེ་མོ་སོགས་ནང་མི15བསྡུས་ཏེ་ས་དཀར་གྲོང་རྡལ་གྱི་ཁྱིམ་ཚང་ཞིག་ཏུ་འདུ་འཛོམས་བྱས་ནས་ཟ་མ་ཟ་བཞིན་ཡོད་པ་ཤེས་རྟོགས་བྱུང་། དེའི་ཁྲོད་ཀྱི་ཁྲིན་ཆེ་གེ་མོ་ནི2020ལོའི་ཟླ1ཚེས26ཉིན་ཞིན་ཅང་ནས་ཕྱིར་རང་ཁྱིམ་དུ་འབྱོར་བ་ཡིན་པས། ས་དཀར་གྲོང་རྡལ་སྲིད་གཞུང་གིས་ཁྱིམ་སྡོད་ལོགས་བཀར་ལྟ་ཞིབ་ཀྱི་བརྡ་ཐོ་བཏང་ཡོད་ལ། ཁྲིན་ཆེ་གེ་མོས་དེ་ཤེས་བཞིན་དུ་ཁྱིམ་མི་ལྷན་དུ་བསྡུས་ནས་འདུ་འཛོམས་རྩ་འཛུགས་བྱས་ཡོད།  ཁྲིན་ཆེ་གེ་མོའི་བུ་ཁྲིན་ཆེ་གེ་མོ་དང་དེའི་གྲོགས་མོ་ཀྲང་ཆེ་གེ་མོ་གཉིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ནས་ས་དཀར་གྲོང་རྡལ་དུ་བསྐྱོད་ཅིང་། རིམས་ནད་ཞིབ་བཤེར་ས་ཚིགས་ཀྱི་ལས་བྱེད་མི་སྣས་བཀག་འགོག་དང་སློབ་གསོ་བྱས་ཀྱང་ཁར་མ་ཉན་པར། མི་དམངས་སྲིད་གཞུང་གིས་སྤེལ་བའི་ཛ་དྲག་གི་གནས་ཚུལ་འོག་ཡོངས་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་ལ་རྒྱབ་འགལ་བྱས་པ་དང་། ནད་ཡམས་ཞིབ་བཤེར་ལ་གཡོལ་བས། རིམས་ནད་འགོག་སྲུང་སྒྲིག་སྲོལ་ལ་གཏོར་བརླག་ཚབས་ཆེན་བཟོས། 

ཉིན་དེའི་དགོང་མོར། ས་དཀར་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཁྲིན་ཆེ་གེ་མོ་ཚང་གི་ཁྱིམ་དུ་འདུ་འཛོམས་བྱེད་མཁན་མི15ལ་ཁྱིམ་སྡོད་ལོགས་དཀར་གྱིས་ལྟ་ཞིབ་བྱེད་དགོས་པའི་བརྡ་ཐོ་བཏང་བ་དང་།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན50པ་གཞིར་བཟུང་ནས། མི་དམངས་སྲིད་གཞུང་གིས་སྤེལ་བའི་ཛ་དྲག་གི་གནས་ཚུལ་འོག་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་པའི་བཀའ་རྒྱ་ལག་བསྟར་མི་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཁྲིན་ཆེ་གེ་མོར་ཉིན་དྲུག་གི་སྲིད་འཛིན་བཀག་ཉར་དང་སྒོར200ཡི་ཆད་པ་བཅད། ཁོའི་བུ་ཁྲིན་ཆེ་གེ་མོ་དང་དེའི་གྲོགས་མོ་ཀྲང་ཆེ་གེ་མོ་གཉིས་ལ་སོ་སོར་ཉིན་བདུན་གྱི་བཀག་ཉར་དང་སྒོར300རེ་ཡི་ཆད་པ་བཅད་ཅིང་།  ཁྱིམ་སྡོད་ལོགས་བཀར་ལྟ་ཞིབ་ཀྱི་དུས་ཚོད་ལོངས་རྗེས་ཁྲིམས་ལྟར་ལག་བསྟར་བྱ་རྒྱུ་རེད། གཞན་ད་དུང་ཁྲིན་ཆེ་གེ་མོ་སོགས་མི12ལ་ཁྲིམས་ལྟར་བསླབ་བྱ་ནན་མོ་བཏང་།

གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བསྒྱུར།