ཟླ་གཉིས་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་འགྲིམ་འགྲུལ་ས་ཚིགས་དང་ཁེ་ལས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཞིབ་བཤེར་ལྟ་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་ནན་མོ་བྱེད་དགོས་ཤིང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་བཀོད་འདོམས་པུའུ་བཅས་ཀྱི་་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པ་བྱས་ནས། མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་བདེ་འཇགས་དགོས་ལ་འཕེལ་རྒྱས་ཀྱང་བཏང་མཐར། དེ་བས་ནན་མོ་དང་དེ་བས་ཞིབ་ཚགས། དེ་བས་མགྱོགས་མྱུར་བཅས་ཀྱི་བྱ་ཐབས་སྤྱད་དེ། དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཟེར།
ཟི་ལིང་མེ་འཁོར་ས་ཚིགས་སུ་འགྲུལ་པ་འགྲོ་འོང་བྱེད་སར་ལུས་དྲོད་ཞིབ་དཔྱད་ཚད་ལེན་གྱི་སྒོ་དང་། “དུག་སེལ་དྲོད་ཁྱམས”སོགས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་དང་། འགྲུལ་པས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་ལུས་དྲོད་ཞིབ་དཔྱད་ཚད་ལེན་དང་ཆ་འཕྲིན་ཐོ་འགོད་བྱེད་བཞིན་ཡོད་པ་དང་། མེ་འཁོར་ས་ཚིགས་ཐང་ཆེན་དུ་གཙོ་གནད་མི་སྣའི་བརྒྱུད་འདྲེན་ས་ཚིགས་བཙུགས་ཡོད་པས། དེ་གར་ལས་དོན་མི་སྣ་དང་དང་བླངས་པའི་སྙིང་སྟོབས་ཀྱིས་ཁེངས་ཡོད་ཅིང་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད། ལིག་ཉིང་གིས་ཡུལ་དངོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་བཀོད་བྱ་བར་ཉམས་ལེན་དང་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས་བསྟན་དོན། མིག་སྔར་ཁེ་ལས་སྡེ་ཁག་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་བསྐྱར་འཛུགས་བྱས་པ་དང་ཆབས་ཅིག་ཏུ། རིམས་ནད་སྔོན་འགོག་ཚོད་འཛིན་དུས་མཚམས་གསར་པར་སླེབས་ཡོད་པས། ཕྱོགས་གཅིག་ནས་རིམས་ནད་མཆེད་པའི་མི་མངོན་པའི་ཉེན་ཁ་སྔར་ལས་ཆེ་རུ་ཕྱིན་པ་དང་ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ལས་འགན་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། དམིགས་འཛུགས་ས་ཡོད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་སྒྲིག་བཀོད་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས། འགྲིམ་འགྲུལ་སྐྱེལ་འདྲེན་རྩ་འཛུགས་ཀྱི་འགན་ལེན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་ཏན་ཏིག་གཏོང་དགོས། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ། ས་གནས་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཕྱོགས་མང་མཉམ་འགུལ་དང་གཞི་གྲངས་མཉམ་སྤྱོད་བརྒྱུད་དེ། ཐུན་མོང་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་ནན་པོ་བསྐྲུན་དགོས་ཟེར།
མཚོ་ཤར་མྱུར་བགྲོད་གཞུང་ལམ་གྱི་གྲོན་དངུལ་བསྡུ་བའི་ས་ཚིགས་སུ་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགྲོ་ལམ་རིམས་བཤེར་འཛུལ་སྒོ་རུ་མི་བརྒྱ་དང་དོན་ལྔ་ཡིས་མི་སྒེར་གྱི་ཆ་འཕྲིན་རང་འདེམས་ཐོ་འགོད་མ་ལག་སྒོ་ཀུན་ནས་སྤྱད་དེ། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཆ་འཕྲིན་འཚོལ་བསྡུ་བྱེད་པའི་ལས་ཆོད་ཆེ་རུ་གཏོང་བཞིན་པིའི་རྣམ་པར་ལིག་ཉིང་གིས་ཁས་ལེན་གང་ལེགས་བྱས། ལིག་ཉིང་གིས་ནན་གྱིས་བསྟན་དོན། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ནས་སྟབས་བདེ་དང་ནུས་ཆེའི་གྲལ་བཤེར་བྱེད་སྟངས་ལ་བརྟེན་ནས། འགྲིམ་འགྲུལ་ས་ཚིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་འབྲེལ་ཉམས་མྱོང་ཕྱོགས་སྡོམ་ལ་མཐོང་ཆེན་བྱས་ཏེ། རྒྱུན་གཏན་གྱི་དོ་དམ་ཁྲོད་དུས་ཐོག་ཏུ་ཁྱབ་གདལ་དང་བེད་སྤྱོད་གཏོང་དགོས་ཟེར། གཙོ་གནད་ཁེ་ལས་ཀྱི་ཐོན་སྐྱེད་སྒྲིག་ཆས་དང་ཐོན་སྐྱེད་རྒྱུ་ཆ་སོགས་རིམས་འགོག་དངོས་རྫས་དང་མཉམ་དུ་འཕྲལ་སྡོམ་སྐྱེལ་འདྲེན་འགན་ལེན་ཁྱབ་ཁོངས་ནང་བཅུག་ནས། འབྲེལ་ཡོད་སྐྱེལ་འདྲེན་རླངས་འཁོར་གྱི་རིགས་ལ་ལྗང་མདོག་བགྲོད་ལམ་གཏོད་དགོས། སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རེས་སྐོར་ངལ་གསོ་བཀོད་སྒྲིག་ཡག་པོ་བྱེད་པ། འགོག་རྒོལ་དམག་འཐབ་དང་མཁྲེགས་གཏོར་དམག་འཐབ་རྒྱག་མཁས་པ་བཅས་བྱེད་དགོས་མོད། འོན་ཀྱང་ངལ་དུབ་ཆེ་བའི་དམག་འཐབ་རྒྱག་མི་རུང་ཟེར།
ལིག་ཉིང་མཚོ་སྔོན་ཅིན་ཀྲུའུ་བོད་སྨན་སྡེ་ཚོགས་ཡོད་སར་སྐྱོད་སྐབས། ཁེ་ལས་ཀྱི་ལས་བཟོ་པ་ཚོས་འགོག་སྲུང་ཁ་ཐུམ་གྱི་ཐོན་སྐྱེད་སྒྲུབ་རིམ་ལ་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད། ལིག་ཉིང་གིས་ཁེ་ལས་ཀྱི་སྒྲིག་ཆས་དང་མ་བཅོས་རྒྱུ་ཆ་ཉོ་བ། མི་སྣ་གསོ་སྦྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས། ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་ཁུར་ནས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་སྲིད་གཞུང་གིས་བསམ་བློ་གཏོང་བའི་བྱེད་སྟངས་ལ་ཐུགས་རྗེ་ཆེ་ཞུས། ཁོང་གིས་རིམས་ནད་ཐོན་པ་ནས་བཟུང་ང་ཚོས་ནུས་ཤུགས་ཡོད་རྒུས་དངོས་ཟོག་ཉོ་སྒྲུབ་དང་གཏོང་འདྲེན་བྱས་མོད། འོན་ཀྱང་ཉོ་སྒྲུབ་ཀྱིས་གནས་སྐབས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ་ལས་ཐབས་གཞན་མེད། ཐོན་སྐྱེད་བྱེད་རིམ་དེའི་ཐོན་སྐྱེད་ཐད་མ་དངུལ་བཏང་བ་དེས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་འགོག་སྲུང་ཁ་རས་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་འགྲོ་རྒྱུ་ཡིན་པས། ངེས་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ། ལས་ཆོད་ཆེ་བ་བཅས་རྒྱུན་འཁྱོངས་ཀྱིས། སྙོམས་སྒྲིག་ཚོད་ལྟ་དང་ལས་འགོ་རྩོམ་པའི་ཐོན་སྐྱེད་གང་མགྱོགས་སྒྲིག་སྦྱོར་བྱས་ན་བྱ་བ་བཟང་པོར་སྒྲུབ་དགོས། ཁེ་ལས་ཁག་ཏུ་འཕྲོད་བསྟེན་ནད་ཡམས་བརྟག་ཞིབ་པ་གཏན་འཁེལ་བྱས་ཏེ། དེས་ལས་འགོ་མ་ཚུགས་གོང་དང་དེ་བཞིན་ཐོན་སྐྱེད་བྱེད་རིང་ཞིབ་དཔྱད་ཚད་ལེན་དང་གྲལ་བཤེར་དང་ཁེར་རྐྱང་འགོག་སྲུང་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འགན་འཁུར་དགོས། འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མཁོ་འདོན་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁེ་ལས་ཀྱི་རྒྱུན་གཏན་ཐོན་སྐྱེད་ལ་འགན་ལེན་ནུས་ལྡན་བྱེད་དགོས་ཟེར།
ཝང་ཞའོ་དང་ཁོང་ཡུངས་གིས་ཞིབ་བཤེར་ལྟ་ཞིབ་བྱེད་རོགས་བྱས།