ཟླ་གཉིས་པའི་ཚེས་དགུ་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་།
ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཁྲིམས་ལྟར་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་བཞིན་ཡོད་པ་དང་། མངོན་གསལ་ཁྱབ་སྒྲོག་དང་འགན་ཆེན་པོ་འཁུར་བ་དང་དུས་ཐོག་ཏུ་གནས་ཚུལ་ཁྱབ་སྒྲོག་བྱེད་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད། རིམས་ནད་འགོག་རྒོལ་གྱི་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་པའི་ཀྲུང་གོའི་རྒྱ་ཆེའི་སྨན་བཅོས་མི་སྣས་བྱས་རྗེས་འཇོག་པའི་སྙིང་སྟོབས་དང་ལས་རིགས་སྤྱོད་ལམ། འགན་འཁྲིའི་བསམ་པ་དྲག་པོ་མཚོན་པར་བྱས་ཡོད་པས། ང་ཚོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁོ་ཚོའི་ལུས་ཕུང་བདེ་ཐང་སྲུང་སྐྱོབ་བྱེད་པ་ཡིན། འཇར་མན་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྗེས་དཔག་སྲུང་འཛིན་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་བྱ་བར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པའི་ཡིད་ཆེས་བརྟན་པོ་དང་ནུས་པ་ཆེན་པོ་ཡོད་ཟེར།
མའོ་ཁི་ཨར་གྱི་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་ནུས་ལྡན་བྱེད་ཐབས་སྤྱད་དེ་རིམས་ནད་འགོག་བཅོས་བྱས། འཇར་མན་ཕྱོགས་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བར་ཚད་ལས་བརྒལ་བའི་བྱེད་ཐབས་མ་སྤྱད་པར་མ་ཟད་ ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་དུ་མཐུན་སྦྱོར་བྱེད་པར་ཤུགས་བསྣན། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་སྨན་བཅོས་མི་སྣར་གུས་འདུད་ཞུ་བ་དང་སྨོན་འདུན་བཟང་བོ་ཞུ་བར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་འགོག་བཅོས་མཉམ་ལས་ལ་ཤུགས་བསྣན་ནས་མུ་མཐུད་དུ་ཀྲུང་གོ་ཕྱོགས་ལ་སྨན་བཅོས་དངོས་རྫས་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།