ཟླ2པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཚོད་འཛིན་བྱ་བར་རྟོག་ཞིབ་མཛུབ་སྟོན་གནང་། འདི་ནི་ཞི་ཅིན་ཕིང་གིས་ཁྲའོ་དབྱང་ཆུའུ་ཨན་ཀྲིན་སྲང་ལམ་ཨན་ཧྭ་ལེ་སྡོད་ཁུལ་ནས། གཞི་རིམ་གྱི་ནད་ཡམས་མཉམ་འགོག་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།
འདི་ནི་ཞི་ཅིན་ཕིང་གིས་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་པེ་ཅིན་ཏིས་ཐན་སྨན་ཁང་གི་རྒྱང་བསྟེན་བརྟག་བཅོས་ལྟེ་གནས་ནས། བརྙན་རིས་ཀྱི་ལམ་ནས་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་བའི་ནད་པར་སྨན་བཅོས་བྱེད་སའི་ཅིན་དབྱིན་ཐན་སྨན་ཁང་དང་ཞེ་ཧི་སྨན་ཁང་། ཧོ་ཧྲིན་ཧྲན་སྨན་ཁང་བཅས་ལ་འབྲེལ་འདྲིས་བྱས་ཏེ། གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། བསམ་འཆར་དང་གྲོས་གཞི་ལ་ཉན་པར་མ་ཟད། སྨན་བཅོས་ལས་དོན་པར་འཚམས་འདྲི་མཛད་པའི་ཚུལ་རེད།
འདི་ནི་ཞི་ཅིན་ཕིང་གིས་ཁྲའོ་དབྱང་ཆུའུ་ཨན་ཀྲིན་སྲང་ལམ་ཨན་ཧྭ་ལེ་སྡོད་ཁུལ་ནས། གཞི་རིམ་གྱི་ནད་ཡམས་མཉམ་འགོག་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་པེ་ཅིན་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཚོད་འཛིན་བྱ་བར་རྟོག་ཞིབ་མཛུབ་སྟོན་གནང་སྐབས། ད་ལྟ་རིམས་ནད་ཀྱི་གནས་བབ་སྔར་བཞིན་ཧ་ཅང་ཚབས་ཆེན་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་མཐའ་གཅིག་ཏུ་ལག་བསྟར་དང་། ཡིད་ཆེས་ཆེར་བསྐྱེད་དང་དཀའ་ངལ་མཉམ་སེལ། ལུགས་མཐུན་འགོག་བཅོས། གནད་ཁེལ་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། མི་དམངས་ལ་དམ་དུ་བརྟེན་ནས་རིམས་ནད་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་ཀྱི་འཐབ་འཁྲུག་དང་སྤྱིའི་འཐབ་མོ། འགོག་རྒོལ་འཐབ་མོ་བཅས་ལས་རྣམ་པར་རྒྱལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚེས་བཅུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚའེ་ཆི་དང་ཧྲི་ཀྲང་ཁྲིན་ཅི་ཉིང་གཉིས་ཀྱི་འགྲོ་རོགས་འོག སྡོད་ཁུལ་དང་སྨན་ཁང་། རིམས་འགོག་ལྟེ་གནས་བཅས་ལ་ཕེབས་ཏེ། གཞི་རིམ་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད། བརྙན་རིས་ཀྱི་ལམ་ནས་ཧུའུ་པེ་ཝུའུ་ཧན་གྱི་རིམས་ནད་འགོག་རྒོལ་བྱེད་སར་འབྲེལ་འདྲིས་བྱས་ཏེ། རྒྱལ་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ས་རུ་འབད་འཐབ་བྱེད་བཞིན་པའི་སྨན་བཅོས་ལས་དོན་པ་དང་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པ་རྣམས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་བརྒྱུད་བསྒྲགས་མཛད།
ཞི་ཅིན་ཕིང་ཐོག་མར་པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ཆུའུ་ཨན་ཀྲིན་སྲང་ལམ་ཨན་ཧྭ་ལེ་སྡོད་ཁུལ་དུ་ཕེབས་ནས། རིམས་ནད་མཉམ་འགོག་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྡོད་ཁུལ་ནི་རིམས་ནད་མཉམ་འགོག་གི་གནས་ཡུལ་དང་བོ་ཡིན་ལ། ཕྱི་ནང་གཉིས་ཀར་མཆེད་པར་བཀག་འགོག་བྱེད་པའི་ཆེས་ཕན་ནུས་ཅན་གྱི་འཐབ་ར་ཡིན། སྡོད་ཁུལ་གྱི་འཐབ་ར་བརྟན་སྲུང་བྱས་ན། རིམས་ནད་མཆེད་པའི་ལམ་ཕན་ནུས་ལྡན་པར་གཅོད་ཐུབ་པས། རྒྱལ་ཡོངས་ཀྱིས་སྡོད་ཁུལ་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་ཀྱི་འགོག་རྒོལ་ནུས་པ་ལེགས་པར་བཏོན་ནས། འགོག་བཅོས་ཚོད་འཛིན་སྟོབས་ཤུགས་སྡོད་ཁུལ་དུ་ཐོན་པར་བྱེད་པ་དང་། སྡོད་ཁུལ་དུ་འགོག་བཅོས་ཚོད་འཛིན་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་པར་ཤུགས་བསྣན་ཏེ། སྡོད་ཁུལ་ཚང་མ་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་སའི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།
རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་པེ་ཅིན་ཏིས་ཐན་སྨན་ཁང་གི་རྒྱང་བསྟེན་བརྟག་བཅོས་ལྟེ་གནས་ནས། ཞི་ཅིན་ཕིང་གིས་བརྙན་རིས་ཀྱི་ལམ་ནས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་བའི་ནད་པར་སྨན་བཅོས་བྱེད་སའི་ཅིན་དབྱིན་ཐན་སྨན་ཁང་དང་ཞེ་ཧི་སྨན་ཁང་། ཧོ་ཧྲིན་ཧྲན་སྨན་ཁང་བཅས་ལ་འབྲེལ་འདྲིས་བྱས་ཏེ། ནད་ཡམས་འགོག་བཅོས་ཚོད་འཛིན་བྱེད་སའི་སྨན་བཅོས་ལས་དོན་པ་དང་། ལས་བྱེད་པ་དང་ལས་བཟོ་པ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་བརྒྱུད་ནས་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད། ཁོ་ཚོའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་བཅོས་ལས་དོན་པས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། ཏང་གི་འབོད་སྐུལ་དང་དུ་བླངས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པར་ཞུགས་པར་མ་ཟད། དུས་ཚོད་དམ་འཛིན་གྱིས་ནད་གདོན་ལ་འཐབ་པ་དང་། ཉིན་མཚན་མེད་པར་འབད་འཐབ་བྱས་ཏེ། ཏང་དང་མི་དམངས་ལ་ཧ་ཅང་འགན་ཁུར་བའི་རྣམ་པ་བཟང་བོ་མངོན་པར་བྱས་ཟེར། ཁོང་གིས་ད་ལྟ་རིམས་ནད་འགོག་བཅོས་ཚོད་འཛིན་དེ་གནད་འགག་གི་སྐབས་སུ་གནས་པས། རྒྱ་ཆེའི་སྨན་བཅོས་ལས་དོན་པས་ངེས་པར་དུ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ལྷག་ཏུ་དཀའ་ངལ་མྱོང་ཐུབ་པ་དང་ལྷག་ཏུ་འཐབ་འཛིང་བྱེད་ཐུབ་པའི་སྙིང་སྟོབས་དར་སྤེལ་དང་། གཡུལ་ངོ་ནས་རྐང་འཛིན་གྱི་ནུས་པ་འདོན་སྤེལ་བྱས་ནས། དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་གོ་གནས་དང་བོར་བཞག་ཅིང་། སྟོབས་ཤུགས་ཡོད་རྒུས་ནད་པར་སྨན་བཅོས་བྱས་ནས། ཝུའུ་ཝན་དང་ཧུའུ་པེ་ལ་སྲུང་སྐྱོབ་བྱེད་པའི་འཐབ་འཛིང་བཟང་བོར་སྤེལ་དགོས་ཞེས་བསྟན།
དེའི་རྗེས་སུ། ཞི་ཅིན་ཕིང་གིས་རྒྱང་བསྟེན་བརྟག་བཅོས་ལྟེ་གནས་ནས་བརྙན་རིས་གྲོས་ཚོགས་ལ་འགོ་འཛིན་མཛད་དེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་སུན་ཁྲུན་ལན་དང་། ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཅང་ཁྲའོ་ལེང་གཉིས་ཀྱིས་སོ་སོར་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་། ཧུའུ་པེ་ཞིང་ཆེན་བཀོད་འདོམས་པུའུ་ཡི་ཚབ་བྱས་ཏེ་ཕུལ་བའི་ཡར་ཞུར་ཉན། ཞི་ཅིན་ཕིང་གིས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། ཧུའུ་པེ་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཡུལ་དུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་སྨན་བཅོས་ལས་དོན་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། འཐབ་ཕྱོགས་སོ་སོའི་བློ་མཐུན་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་ལ། ནད་པ་དང་ནད་པའི་ཁྱིམ་མི། ཚེ་ལས་འདས་པའི་ནད་པའི་ཁྱིམ་མི་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཧུའུ་པེ་དང་ཝུའུ་ཧན་མི་དམངས་དང་མཉམ་དུ་ལངས་ཡོད། ཝུའུ་ཧན་ནི་དཔའ་བོའི་གྲོང་ཁྱེར་ཡིན་ལ། ཧུའུ་པེ་མི་དམངས་དང་ཝུའུ་ཧན་མི་དམངས་ནི་དཔའ་བོའི་མི་དམངས་ཡིན་པས། ལོ་རྒྱུས་སྟེང་དཀའ་ངལ་གང་ལ་ཡང་མགོ་བསྒུར་མ་མྱོང་། བློ་མཐུན་རྣམས་ཀྱིས་སེམས་ཤུགས་གཅིག་མཐུན་དང་འབད་འཐབ་ལྷོད་མེད། དཀའ་ངལ་མཉམ་སེལ་བྱས་ན། ང་ཚོ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་མོ་ལས་རྣམ་པར་རྒྱལ་ཐུབ་པ་ཤ་སྟག་ཡིན་ཟེར།
ཞི་ཅིན་ཕིང་གིས་ཧུའུ་པེ་དང་ཝུའུ་ཧན་ནི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ས་འགངས་ཆེན་ཡིན་ལ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་མོ་ལས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ས་ཡིན། ཝུའུ་ཧན་རྒྱལ་ན་ཧུའུ་པེ་རྒྱལ་བ་དང་། ཧུའུ་པེ་རྒྱལ་ན་རྒྱལ་ཡོངས་རྒྱལ་བ་ཡིན། དེང་སྐབས་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་གནས་ཚུལ་སྔར་བཞིན་ཧ་ཅང་ཚབས་ཆེ་བས། སྔར་ལས་ཆེ་བའི་ནུས་ཤུགས་འདོན་པ་དང་སྔར་ལས་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་ནས། རིམས་ནད་མཆེད་པར་བཀག་འགོག་བྱེད་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་སྨན་བཅོས་མི་སྣར་སེམས་ཁུར་བྱེད་པ་དང་། ཁོ་ཚོའི་ཕུལ་བྱུང་མཛད་རྗེས་དྲིལ་སྒྲོག་ཆེན་པོ་བྱེད་པ། ཁོ་ཚོར་དཀའ་ངལ་དང་གནད་དོན་ཐག་གཅོད་རོགས་བྱས་ཏེ། ཁོ་ཚོའི་འཚོ་བ་དང་བདེ་འཇགས། དོ་ཁུར་བཅས་ལ་འགན་སྲུང་དོན་འཁྱོལ་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམས་ནད་འགོག་བཅོས་ཚོད་འཛིན་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་འཐབ་མོ་དྲག་པོ་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་ཞིབ་ཚགས་ཀྱིས་སྒྲུབ་དགོས། རིམ་པ་སོ་སོའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཡུལ་དངོས་ནས་བཀོད་འདོམས་བྱེད་པ་དང་ཁག་ཁུར་ཇེ་དྲག་ཏུ་གཏོང་དགོས་ལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་འཐབ་ཡུལ་དང་བོར་སོང་སྟེ། རང་འགན་རང་འཁུར་དང་རང་འགན་རང་སྒྲུབ་ཀྱིས་སེམས་ཤུགས་རྩལ་དུ་བཏོན་ནས་བྱ་བ་རེ་རེ་དང་གོ་རིམ་རེ་རེ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཚོད་བགམ་ཆེན་པོའི་མདུན་ནས་ལས་བྱེད་པར་ཉམས་ཚོད་ལེན་ཐུབ་པས། བྱས་རྗེས་འབུར་ཐོན་ཅན་ལ་གཟེངས་བསྟོད་བྱས་ཏེ་བཀོལ་སྤྱོད་བྱེད་དགོས་པ་དང་། ཁག་ཁུར་མེད་པར་འགན་འཁྲི་ལས་གཡོལ་མཁན་ལ་འགན་འདྲི་ནན་མོ་བྱེད་དགོས། མང་ཚོགས་རྒྱ་ཆེར་སྐུལ་སློང་བྱེད་པ་དང་མང་ཚོགས་ལ་བརྟེན་ནས། བློ་གཅིག་སེམས་གཅིག་དང་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་ཀྱི་འཐབ་མོ་ལས་རྣམ་པར་རྒྱལ་བར་བྱེད་དགོས་ཟེར།
ཁྲའོ་དབྱང་ཆུའུ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་གྲོས་ཚོགས་ཁང་ནས། ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་མཛད་དེ་པེ་ཅིན་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་གནས་ཚུལ་གྱི་ཡར་ཞུར་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པེ་ཅིན་ནི་རྒྱལ་ས་ཡིན་པའི་ཆ་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་སྒྲུབ་པའི་ལས་འགན་ཧ་ཅང་ལྕི་བས། ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བར། ཏང་ཀྲུང་དབྱང་གི་རིམས་ནད་འགོག་བཅོས་ཚོད་འཛིན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། འགོག་བཅོས་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་པ་དང་། ཕྱི་ནང་གཉིས་ཀར་མཆེད་པར་བཀག་འགོག་བྱེད་རྒྱུ་དམ་འཛིན་མཐའ་འཁྱོལ་བྱེད་པ། ནུས་ཤུགས་ཅི་ཡོད་ཀྱིས་རིམས་ནད་འགོ་ལམ་གཅོད་པ། ཚད་ཆེས་མཐོ་བའི་སྒོ་ནས་ནད་ཡམས་ཀྱི་གནོད་པ་ཐེབས་རྒྱ་ཇེ་ཆུང་དུ་གཏོང་བ་བཅས་བྱེད་དགོས། དེང་སྐབས་ཆེས་གལ་ཆེ་བ་ནི་ལོ་སར་གྱི་རྗེས་སུ་ཕྱིར་པེ་ཅིན་ལ་ལོག་པའི་མི་ཇེ་མང་དུ་སོང་བ་དང་། རིམས་ནད་མཆེད་པའི་ཉེན་ཁ་ཇེ་ཆེར་སོང་བ་དེ་ཡིན་པས། དམིགས་ཡུལ་ཡོད་པའི་སྒོ་ནས་ཁ་གཏད་འཇལ་བའི་བྱེད་ཐབས་གཏན་འབེབས་བྱེད་དགོས། སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་སྙན་ཞུ་འབུལ་བ། སྔ་མོ་ནས་ལོགས་སུ་འགར་བ། སྔ་མོ་ནས་སྨན་བཅོས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ནད་པར་འབྲེལ་འདྲིས་ཟབ་མོ་བྱས་མྱོང་མཁན་རྣམས་ལ་གཅིག་གྱུར་གཅིག་བསྡུས་ཀྱིས་གསོ་རིག་ལྟ་ཞིབ་བྱེད་དགོས། སྡོད་ཁུལ་གྱི་མཉམ་འགོག་མ་ལག་འཐུས་ཚང་དུ་བཏང་ནས། གནད་དོན་རྙེད་ཚེ་མྱུར་བ་མྱུར་དུ་སྙན་ཞུ་འབུལ་དགོས། གཞི་གྲངས་ཆེན་མོ་སོགས་ཀྱི་ཐབས་ལ་བརྟེན་ནས། རིམས་ནད་ཀྱི་ཁུངས་སྙེག་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་དགོས། རིམས་འགོག་དངོས་རྫས་ཀྱི་འགན་སྲུང་ལ་ཤུགས་བསྣན་ནས། རིམས་འགོག་གི་གལ་འགངས་ཆེ་སའི་མི་སྣ་དང་དངོས་རྫས་ལ་འགན་སྲུང་མཐའ་འཁྱོལ་བྱེད་དགོས་ཟེར།
ཏེན་ཞུའེ་ཞང་དང་ཞའོ་ཅེ། ཀྲའོ་ཁི་ཀྲི། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས།