མཚོ་སྔོན་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་ལྔ་བ་བསྡུས།
2020.02.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 87

ཟླ་གཉིས་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་ལྔ་བ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་འགན་སྒྲུབ་སྡེ་ཁག་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་ཆེད་དུ་གདན་དྲངས་ནས། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཁྲོད་ཀྱི་མི་སྣར་དོ་དམ་ཚོད་འཛིན་བྱེད་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་གནས་ཚུལ། ཉེ་དུས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སྡེ་ཁག་གི་སྔོན་འགོག་ཚོད་འཛིན་གནས་ཚུལ། མཚོ་བྱང་ཁུལ་གྱི་སྔོན་འགོག་ཚོད་འཛིན་གནས་ཚུལ་བཅས་ཀྱི་སྐོར་ནས། རྒྱ་ཆེའི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་གཞི་རེ་རེར་ལན་ཁ་གསལ་བཏབ། 

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐོག་ནས། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གི་སྨན་སྲིད་སྨན་བཅོས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཧོང་ལིས་ཁྲིན་གྱིས། ཉེ་དུས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྨན་བཅོས་སྒྲིག་གཞིས་གློ་ནད་སྨན་བཅོས་བྱས་པའི་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས།  ཁོས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ2ཚེས9ཉིན་གྱི་ཆུ་ཚོད་24བར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་གློ་ཚད་གསར་པ་ཕོག་པའི་ནད་པ18གཏན་འཁེལ་བྱས་པའི་ནང་། ཟི་ལིང་གྲོང་ཁྱེར་དུ་ནད་པ15དང་མཚོ་བྱང་ཁུལ་ཏུ་ནད་པ3ཡོད་པ་རེད། ད་ལྔ་ནད་པ15སྨན་ཁང་དུ་བསྡད། སྨན་ཁང་དུ་སྡོད་པའི་ནད་པའི་ཁྲོད་དུ་ནད་པ13ནད་གཞི་བརྟན་པོ་ཡིན་པ་ དང་ནད་པ་ལྕི་མོ1ཡོད་ལ། ཉེན་ཁ་ཆེ་བའི་ནད་པ1ཡོད། མིག་སྔར་ནད་པ12ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་ཉར་སྡོད་བྱས་པ་དང་། ནད་པ3ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་ཉར་སྡོད་བྱས་ཡོད། མཚོ་སྔོན་ཞིང་ཆེན་ཏུ་བསྟུད་མར་ཉིན་བཞི་ལ་ནད་རྟགས་གསར་བ་བྱུང་མེད། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་བའི་ཚུན་ལ། སྨན་བཅོས་སྲོག་སྐྱོབ་ཐད་མཚོ་སྔོན་ནས་རིམ་དབྱེའི་སྐྱོབ་བཅོས་དྲ་རྒྱ་བཙུགས་པ་དང་། མཚོ་སྔོན་དུ་སྔོན་བཤེར་དབྱེ་འབྱེད་སྨན་བཅོས་དང་དྲོད་སྐྱེད་སྒོ་བསྟེན་སྨན་བཅོས་ཀྱི་བརྒྱུད་རིམ་ཚད་ལྡན་བཟོས་པ། སྨན་བཅོས་སྐྱོབ་བཅོས་ཀྱི་ཆེད་མཁས་པའི་དཔུང་ཁག་བཙུགས་པ། སྨན་བཅོས་སྐྱོབ་བཅོས་ཀྱི་ཇུས་གཞི་བཟོས་པ། ནད་གཞི་ལྕི་མོའི་རིགས་གཅིག་སྡུད་ཀྱི་རྩ་དོན་བཞི་དོན་འཁྱོལ་བྱས་པ། གནད་འཁེལ་སྐྱོབ་བཅོས་ལ་ཤུགས་སྣོན་བརྒྱབ་པ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སྨན་བཅོས་ཁྱབ་གདལ་བཏང་བ་བཅས་ཀྱི་ཐོག་ནས། ནད་པ་སྨན་ཁང་ནས་དྲག་སྐྱེད་བྱུང་ནས་ཕྱིར་འབུད་པའི་ཚད་གཞི་ཁ་གསལ་བཟོས་ཡོད་ཟེར། 

ཧོང་ལིས་ཁྲིན་གྱིས་མིག་སྔར་སྤྱི་ཚོགས་ཐོག་ཡོངས་ཁྱབ་ངང་དོ་ཁུར་བྱེད་ཀྱིན་པའི་སྨན་བཅོས་མི་སྣར་ནད་འགོས་པའི་གནད་དོན་ལ་དམིགས་ཏེ་བཤད་རྒྱུར། ང་ཚོས་སྨན་བཅོས་སྒྲིག་གཞིའི་ལས་བཟོ་བ་ཡོངས་ཀྱི་གསོ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་བཞིན་ཡོད་པ་དང་། ལྷག་པར་དུ་གཙོ་གནད་མི་སྣ་དང་གཙོ་གནད་ཚན་ཁག གཙོ་གནད་ལས་གནས་གསོ་སྦྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས། རིམས་ནད་འགོག་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་དུས་མཚུངས་སུ། སྨན་བཅོས་མི་སྣའི་འགོག་སྲུང་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། དེ་དང་ཆབས་ཅིག་ཏུ་ང་ཚོས་རྗེས་གྲབས་གནས་གཏན་འཁེལ་གྱི་སྨན་ཁང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས། ནད་པར་སྨན་བཅོས་བྱེད་ས་ཡོད་པ་དང་ཆེད་ལས་མི་སྣ་སྐྱོབ་བཅོས་ཐུབ་པར་འགན་ལེན་བྱེད་ཀྱིན་ཡོད་ཟེར། ཧོང་ལིས་ཁྲིན་གྱིས་ད་དུང་ ཧུའུ་པེ་ལ་རོགས་སྐྱོར་བྱེད་མཁན་ཏུ་སོང་བའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་གི་གནས་ཚུལ་ངོ་སྤྲོད་བྱས།

མཚོ་བྱང་ཁུལ་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། མཚོ་བྱང་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་རིམས་ནད་སྔོན་འགོག་ཚོད་འཛིན་ཚན་ཆུང་དང་སྨན་བཅོས་སྐྱོབ་བཅོས་ཚན་ཆུང་གི་ཚན་གཙོ་ཀྲུའུ་ཁྲིན་ཆིན་གྱིས་མཚོ་བྱང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་དང་། དེ་བཞིན་གཙོ་གནད་མི་སྣ་ཟུར་འཇོག་སྐྱོབ་བཅོས་བྱས་ཚུལ་ཁྱབ་བསྒྲགས་བྱས།  ཁོས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། ཝུའུ་ཧན་དུ་གློ་ཚད་ཀྱི་རིམས་ནད་གསར་པ་ཐོན་པ་ནས་བཟུང་། མཚོ་བྱང་ཁུལ་གྱིས་དེ་མ་ཉིད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་འགོ་ཁྲིད་ཚན་ཆུང་དང་རིམས་ནད་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་བཙུགས་ནས། རྫོང་བཞི་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཏེ་ལས་དོན་སྤེལ་ནས། མི་སྣ་གྲལ་བཤེར་དང་རིམས་ནད་སྔོན་འགོག་ཚོད་འཛིན། རིམས་ནད་ཞིབ་དཔྱད་ཚད་ལེན། སྨན་བཅོས་སྐྱོབ་བཅོས། འཕྲལ་སྡོམ་ཐག་གཅོད། དྲིལ་བསྒྲགས་ཁྲིད་སྟོན། དངོས་ཟོག་གྲབས་གསོག་སོགས་ཐད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁ་གཏད་ཐག་གཅོད་ལས་དོན་སྤེལ་ནས། ས་གནས་འདི་གའི་རིམས་ནད་མཆེད་རྒྱ་ཆེ་རུ་འགྲོ་རྒྱུར་ཚོད་འཛིན་ནུས་ལྡན་བྱས་པས། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཐད་འགན་ལེན་ནུས་ལྡན་ཐུབ་ཡོད་ཟེར།  ཟླ2ཚེས9ཉིན་བར་ཁུལ་་ཡོངས་ནས་གཏན་འཁེལ་བྱུང་བའི་ནད་པ3ཡོད་པ་དང་། མིག་སྔར་ནད་རྟགས་གསར་པ་ཐོན་མེད་ཅིང་། ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་ཚང་མ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཆིང་ཧྲི་ཙུའེ་གྲོང་རྡལ་གྱི་ཝུའུ་ཧན་དུ་ལས་ཀ་བྱེད་མཁན་དང་སློབ་གྲྭར་འགྲོ་མཁན་རྐྱང་རྐྱང་རེད། ད་ཆ་ནད་པ་དེ་དག་ཞིང་ཆེན་རིམ་པའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད། མིག་སྔར་ནད་པའི་ནད་གཞི་བརྟན་པོ་རེད། རྫོང་གཞན་དག་ལ་ནད་པ་དང་ནད་རྟགས་གཏན་ཁེལ་བྱས་པའི་གནས་ཚུལ་མེད། ཟླ2ཚེས3ཉིན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སླར་ཡང་ཁུལ་ཡོངས་ཀྱི་རེས་སྐོར་གཉིས་པའི་གྲལ་བཤེར་ཆེ་མོའི་ལས་དོན་ལ་བཀོད་སྒྲིག་བྱས་ཏེ། ཁྱིམ་སྡོད་ལྟ་ཞིབ་མི་སྣར་ཞང་དང་གྲོང་རྡལ། གཞིས་ཁུལ་བཅས་ཀྱི་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་བ་དང་། གཅིག་གཏད་གཅིག་དང་མང་པོས་གཅིག་གཏོད་དྲ་རྒྱའི་བརྙན་ལམ་སོགས་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྤྱད་དེ། དོ་དམ་ཚོད་འཛིན་ནན་པོ་བྱས་ཡོད། དེ་དང་ཆབས་ཅིག་གནས་གཏན་འཁེལ་སྨན་ཁང་དུ་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་བཅོས་དང་ནད་ལྟ་ཁུལ་གྱི་མི་སྣའི་སྟོབས་ཤུགས་ཆེ་རུ་བཏང་ནས། ཕྱོགས་བསྡུས་འགན་ལེན་ཚན་ཆུང་བཙུགས་ཏེ། མཚོ་སྔོན་ཨིན་ཀྲེན་སྨན་ཁང་དེ་ཉིད་མེན་ཡོན་ས་ཁུལ་གྱི་འགོས་ནད་འགོག་བཅོས་སྨན་ཁང་དུ་གཏན་འཁེལ་བྱས་ཡོད་ཟེར། 

 ཞིང་ཆེན་སྤྱི་བདེ་ཐིན་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་ལིས་ཡུས་ཆང་གིས་མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་ཁྲོད་སྤྱི་བདེ་ལས་ཁུངས་ཀྱིས་མཉམ་དུ་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་བདེ་འཇགས་དོ་དམ་ཚོད་འཛིན་བྱས་ཚུལ་ཁྱབ་བསྒྲགས་བྱས། ཁོས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། རིམས་ནད་ཐོན་པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རིམས་འགོག་སྐབས་ཀྱི་ལས་ཀའི་ལམ་སྲོལ་མགྱོགས་མྱུར་ལག་ལེན་དུ་བསྟར་བ་དང་། ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་ལེན། རིམས་ནད་སྔོན་འགོག བརྟན་འཇགས་སྲུང་སྐྱོབ་བཅས་ཀྱི་བྱེད་ཐབས་ཁག་གི་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་བས། རིམས་ནད་མཉམ་འགོག་མཉམ་བཅོས་ལ་སྐུལ་འདེད་ནུས་ལྡན་བཏང་བར་བརྟེན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་འཇགས་བྱུང་ཡོད།  དེ་མིན་ད་དུང་ཆ་འཕྲིན་ཞིབ་འཇུག་བརྡར་གཅོད་གཏིང་ཟབ་ཏུ་བཏང་ནས། དུས་ཐོག་ཏུ་ཉེན་བརྡ་བཏང་ནས་ཞིབ་དཔྱད་བསྡུར་བཤེར་བྱེད་པ། མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་ནས་ཁྱབ་སྤེལ་གྱི་ཉེན་ཁ་ཆུང་དུ་གཏོང་བ། རྡུང་རྡེག་ཚ་ནན་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ། དྲ་རྒྱའི་སྐོར་ཞིབ་སྤེལ་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ཡོད་ཟེར།

ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུས་ཀྲང་གཞོན་པ་ཝང་དབྱི་མིན་གྱིས་མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་ཁྲོད་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། བཟའ་བཅའི་བདེ་འཇགས། ཟོག་གོང་ཚོད་འཛིན་བཅས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོས་མཚམས་སྦྱོར་བྱས་ནས་བཤད་རྒྱུར།  ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ། དུས་ཐོག་ཏུ་ཟོག་གོང་བརྟན་པོ་ཡོང་བར་ཚོད་འཛིན་བྱེད་པ་དང་། བཀོད་སྒྲིག་མགྱོགས་མྱུར་བྱེད་པ། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། བཟའ་བཅའ་དང་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས་པ་དང་། རིམས་འགོག་མཁོ་ཆས་ཀྱི་རིན་གོང་ལྟ་སྐུལ་དོ་དམ་སོགས་ལ་ཤུགས་སྣོན་རྒྱག་པའི་ཐད་ལས་དོན་ནུས་ལྡན་མང་པོ་བསྒྲུབས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འབད་བརྩོན་ཧུར་ཐག་བྱས་ཡོད་ཟེར། 

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཀྲི་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།