རང་ཞིང་གི་སྐོར་ཐེངས་གཉིས་པའི་ཧུའུ་པེ་ཞིང་ཆེན་ལ་རོགས་སྐྱོར་བྱེད་དུ་སོང་བའི་ནད་གཡོག་སྨན་བཅོས་རུ་ཁག་གིས་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས།
2020.02.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 72

ཞིན་ཞ་ནི་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གྲུམ་ནད་ཁྲག་རྒྱུན་ཚན་ཁག་གི་ནད་གཡོག་མ་ཞིག་ཡིན་པ་དང་། སྐོར་ཐེངས་གཉིས་པའི་ཧུའུ་པེ་ཞིང་ཆེན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་རུ་མི་ཞིག་ཀྱང་ཡིན། ཟླ་གཉིས་པའི་ཚེས་དགུ་ཉིན། ཧུའུ་པེ་ཞིང་ཆེན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་ཏེ་དམ་བཅའ་འཇོག་པའི་ཚོགས་ཆེན་བསྡུས་པ་དང་། ཞིན་ཞ་དང་ཏང་ཡོན་གཞན་པ་རྣམས་ཀྱིས་ཏང་ནང་དུ་ཞུགས་པའི་དམ་ཚིག་བཏོན་པར་མ་ཟད། ཚང་མས་མཉམ་དུ་རྒྱལ་གླུ་བླངས་པ་དང་རིམས་ནད་འགོག་རྒོལ་ཁྲོད་དུ་གདོང་ལེན་སྔོན་ཐོན་གྱི་ནུས་པ་འདོན་པའི་ཆོད་སེམས་བསྟན།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་གཉིས་པའི་ཚེས་དགུ་ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད་ཉེར་བཞིའི་བར་དུ་སྨན་བཅོས་རུ་ཁག་གིས་སྒྲོམ་ཤག་སྨན་ཁང་དུ་ནད་པ་ཉིས་བརྒྱ་དང་སོ་ལྔ་ལ་དོ་དམ་བྱས། དོ་དམ་ཚད་ལྡན་དུ་གཏོང་བ་དང་ནད་གཡོག་སྨན་བཅོས་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་ཆེད། སྨན་བཅོས་རུ་ཁག་གིས་ཧུའུ་པེ་ཞིང་ཆེན་དུ་སོང་བའི་མཚོ་སྔོན་ཞིང་ཆེན་ནད་གཡོག་སྨན་བཅོས་རུ་ཁག་གི་བྱ་བའི་ལམ་ལུགས་གཏན་འཁེལ་བྱས་པ་དང་། དེའི་ནང་དུ་བྱ་བ་དང་འཚོ་བ། སློབ་སྦྱོང་། གྲོས་ཚོགས། དོན་དག་གཞན་དག་སོགས་ཕྱོགས་ལྔའི་ཐད་ནས་དོན་ཚན་བཅུ་བདུན་གཏན་འཁེལ་བྱས་ཡོད། ཉིན་དེར་ནད་གཡོག་སྨན་བཅོས་རུ་ཁག་གིས་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ་བྱ་བའི་སྒྲིག་ལམ་ནན་བཤད་བྱས་པ་དང་ཚན་ཆུང་སོ་སོའི་ཚན་གཙོའི་འགན་འཁྲི་གསལ་བོ་བྱས།

མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་དང་པོའི་ཧུའུ་པེ་ཞིང་ཆེན་དུ་སོང་བའི་སྨན་བཅོས་རུ་ཁག་གིས་ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲིག་ཆུས་མི་དམངས་སྨན་ཁང་དང་ཞིན་ཀྲིག་ཆུས་ཀྲུང་ལུགས་སྨན་ཁང་དུ་མུ་མཐུད་ནས་སྨན་བཅོས་མྱུར་སྐྱོབ་བྱ་བ་བསྒྲུབས། ཟླ་གཉིས་པའི་ཚེས་དགུ་ཉིན་ནད་པ་བརྒྱ་དང་ཉེར་དྲུག་ལ་མྱུར་སྐྱོབ་བྱས། ཉིན་དེར་ནད་གཡོག་ཚན་ཁག་གིས་ནད་པ་བརྒྱ་དང་ཉེར་དྲུག་ལ་ནད་གཡོག་བྱས་ཏེ་ནད་པ་གཉིས་དྲག་ནས་སྨན་ཁང་དུ་ཕྱིར་བུད་ཆོག་པ་དང་ནད་པ་གཅིག་ཀྱང་ཤི་མ་མྱོང་།