མཚོ་སྔོན་གྱི་སྐྱེས་པ་ཞིག་གིས་སྡེ་བའི་སྐད་འཕྲིན་ཚོགས་པའི་ནང་སྡེ་དཔོན་ལ་འཁོན་འཛིང་བྱས་པས་འཛིན་བཟུང་བྱས།
2020.02.11 ཁུངས། ཀློག་གྲངས། 75

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།  ཉེ་ཆར། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ནན་མིན་མངག་གཏོང་ཁང་གིས་ཁྲིམས་ལྟར་རྩད་ཞིབ་བྱས་ཏེ་སྡེ་བའི་སྐད་འཕྲིན་ཚོགས་པའི་ནང་སྡེ་དཔོན་ལ་འཁོན་འཛིང་བྱས་བའི་གྱོད་དོན་ཞིག་ཐག་གིས་བཅད་དེ། རིམས་ནད་འགོག་སྲུང་གི་དམིགས་བསལ་དུས་སྐབས་སུ་སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་བདེ་སྲུང་སྒྲིག་སྲོལ་ལ་ཁག་ཐེག་བྱས།

ཟླ་2པའི་ཚེས3ཉིན་གྱི་དུས་ཚོད10དང་སྐར་མ43སྟེང་། ནན་མིན་ཞཱ་གྲོང་རྡལ་གྱི་སྡེ་བ་ག་གེ་མོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུའུ་ཆེ་གོ་མོས་མངག་གཏོང་ཁང་ལ་ཁ་པར་གྱི་ལམ་ནས་གཏུག་བཤེར་བྱས་ཏེ་བཤད་རྒྱུར། ཁ་སང་ཕྱི་དྲོའི་དུས་ཚོད18དང་སྐར་མ40སྟེང་། ངེད་སྡེ་བའི་སྡེ་མི་ལིའི་ཆེ་གེ་མོས་སྡེ་བའི་སྐད་འཕྲིན་ཚོགས་པའི་ནང་དུ་ང་ལ་སྡུག་དམོད་དང་དམའ་འབེབས་བྱས་བས། མངག་གཏོང་ཁང་གིས་རྩད་ཞིབ་བྱ་རོགས་ཞེས་བཤད།  གཏུག་བཤེར་གྱི་རྗེས་སུ། མངག་གཏོང་ཁང་གིས་མྱུར་དུ་རྩད་ཞིབ་དང་རྒྱུས་ལོན་བྱས་པར། ལིའི་ཆེ་གེ་མོ་ནི་དུས་ཡུན་རིང་བོར་ཟི་ལིང་གྲོང་ཁྱེར་དུ་བཟོ་ཚོང་གཉེར་ནས་གཏན་སྡོད་བྱས་ཡོད་པ་ཞིག་ཡིན་པས། ཉེན་རྟོག་པ་ཟི་ལིང་གྲོང་ཁྱེར་དུ་སོང་ནས་ཁྲིམས་ལྟར་ལིའི་ཆེ་གེ་མོར་འདྲི་གཅོད་ནན་མོ་བྱས་མཐར་། བདེན་དཔང་ཆ་ཚང་ཡོད་པས་རྐྱེན་གྱིས་ཁོས་སྡེ་དཔོན་ལ་སྡུག་དམོད་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ངོས་ལེན་བྱས།

རིམ་བཞིན་རྩད་ཞིབ་བྱས་པ་ལྟར་ན། ཟླ་2ཚེས2ཉིན་གྱི་ཕྱི་དྲོའི་ཆུ་ཚོད་18ཡས་མས་སུ། ཟི་ལིང་གྲོང་ཁྱེར་དུ་བཟོ་ཚོང་གཉེར་གྱིན་པའི་ལིའི་ཆེ་གེ་མོས་སྡེ་བའི་སྐད་འཕྲིན་དུ་སྡེ་མི་ཚང་མས་རིམས་ནད་སྔོན་འགོག་ཐད་ལ་ཞལ་འདེབས་རྒྱག་བཞིན་པའི་སྐབས་དང་བསྟུན་ནས་སྡེ་དཔོན་གྱིས་ཁོ་རང་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་ཚུད་དགོས་བའི་རེ་ཞུ་ཐག་གིས་མ་བཅད་པ་དེ་ཡིད་ལ་བཟུང་ནས། ཆང་འཐུང་རྗེས་སུ་སྡེ་མི་400ལྷག་ཡོད་པའི་སྐད་འཕྲིན་ཚོགས་པའི་ནང་དུ་སྔ་གཞུག་དུས་ཚོད་གསུམ་གྱི་རིང་ལ་སྐད་ཆ་དུམ་བུ་བཞི་བཅུ་ལྷག་བཤད་ནས་སྡེ་དཔོན་ལ་སྡུག་དམོད་བྱས་འདུག  བྱ་སྤྱོད་འདིས་སྡེ་དཔོན་གྱི་ལུས་སེམས་བདེ་ཐང་གནོད་ཅིང་། མི་མང་པོར་ཤུགས་རྐྱེན་ངན་པ་བཞག་ཡོད་པ་རེད།

 <<  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས >> ཀྱིས་གཏན་འབེབས་གཞིར་བཟུང་ནས།  ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུའུ་ཡིས་ལིའི་ཆེ་གེ་མོས་མི་གཞན་ལ་སྡུག་དམོད་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དེར་ཉིན་བཅུའི་སྲིད་འཛིན་བཀག་སྡོམ་གྱི་ཉེས་ཆད་བཅད།  

གསར་འགོད་པ་ཐུབ་བསྟན་རྡོ་རྗེ་ཡིས་བསྒྱུར།