ཞི་ཅིན་ཕིང་གིས་པེ་ཅིན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་མཛུབ་སྟོན་གནང་སྐབས་ཆོད་སེམས་དང་བློ་རྩ་སྔར་བས་བརྟན་པོ་དང་འཕྲལ་ཐག་སྔར་བས་ཆོད་པའི་བྱ་ཐབས་བཟུང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་ཀྱི་སྤྱི་ཡོངས་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་སྟོན་གནང་བ།
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་སྟོན་གནང་སྐབས། མིག་སྔར་རིམས་ནད་གནས་ཚུལ་སྔར་བཞིན་ཧ་ཅང་ཛ་དྲག་པོ་ཡིན་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་བྱེད་དགོས་པ་དང་། ཆོད་སེམས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཕིགས་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་བྱེད་པ། ཡང་འབད་སྐྱར་འབད་དང་། དཔའ་ངར་ཆེན་པོས་འཐབ་འཛིང་བྱེད་པ། ཆོད་སེམས་དང་བློ་རྩ་སྔར་བས་བརྟན་པ། བྱ་ཐབས་སྔར་བས་འཕྲལ་ཐག་ཆོད་པ། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ། རིམས་ནད་འགོས་ཁྱབ་རྒྱ་ཆེར་འགྲོ་ཚུལ་ལ་ཚོད་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁབ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་སྟོན་གནང་ཡོད།
སྤྱི་ཚེས་10ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི་དང་གྲོང་སྤྱི་ཁྲེང་ཅི་ཉིང་རྣམ་གཉིས་ཀྱི་ཕེབས་རོགས་འོག་སྡེ་ཁུལ་དང་། སྨན་ཁང་། རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་སུ་ཕེབས་ནས། གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད་ཧུའུ་པེ་ཝུའུ་ཧན་གྱི་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་ས་མདུན་མར་བརྙན་མཐོང་སྦྲེལ་མཐུད་གནང་བ་དང་། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མའི་སྨན་དོན་ལས་དོན་པ་དང་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པར་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་གནང་ཡོད།
ཞི་ཅིན་ཕིང་ཐོག་མར་པེ་ཅིན་གྲོང་ཁྱེར་ཁྲའོ་ཡང་ཁུལ་ཨན་ཀྲེན་ཁྲོམ་གཞུང་གི་ཨན་ཧྭ་ལི་སྡེ་ཁུལ་དུ་ཕེབས་ནས་གཞི་རིམ་འཐབ་ས་མདུན་མའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུར་ཞི་ཅིན་ཕིང་གིས་ཨན་ཀྲེན་ཁྲོམ་གཞུང་དང་ཨན་ཧྭ་ལི་སྡེ་ཁུལ་དུ་མཉམ་འགོག་མཉམ་འཛིན་གྱི་སྐོར་ངོ་སྤྲོད་ཞུས་པ་གསན་གནང་ཡོད། ཞི་ཅིན་ཕིང་གིས་སྡེ་ཁུལ་ནས་བྱ་ཐབས་མང་པོ་བཟུང་བ་དང་། སྔོག་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། ཁྱིམ་དུད་རེ་རེ་བཞིན་རྩད་ཞིབ་བྱེད་པ། གཙོ་གནད་མི་ཚོགས་ལ་ལྟ་སྐུལ་ཚོད་འཛིན་བྱེད་པ། ཡོངས་སུ་ཁྱབ་པ་གཉིས་སོགས་ཀྱི་བྱ་ཐབས་བཟུང་བར་བསྔགས་སྐུལ་གནང་ཡོད། ཁོང་གིས། སྡེ་ཁུལ་ནི་རིམས་ནད་མཉམ་འགོག་མཉམ་འཛིན་བྱེད་པའི་འཐབ་ས་མདུན་མ་ཡིན་ལ། ཕྱི་ནས་ནང་ཁུལ་དུ་འགོས་རྒྱུར་སྔོན་འགོག་དང་། ནང་ཁུལ་དུ་འགོས་ཁྱབ་འགྲོ་རྒྱུར་སྔོན་འགོག་བྱེད་པའི་ཕན་ནུས་ཆེ་ཤོས་ཀྱི་འགོག་སྲུང་འཛིང་རགས་ཀྱང་ཡིན། སྡེ་ཁུལ་གྱི་འགོག་སྲུང་འཛིང་རགས་དེ་ཡག་པོ་སྲུང་ཐུབ་ཚེ་རིམས་ནད་འགོས་ཁྱབ་འགྲོ་ལམ་ནུས་ལྡན་ངང་འགོག་ཐུབ། རྒྱལ་ཡོངས་ཚང་མས་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་འགོག་རྒོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔོན་འགོག་ཚོད་འཛིན་སྟོབས་ཤུགས་སྡེ་ཁུལ་དུ་འཇོག་པ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ་བཅས་བྱས་ནས། སྡེ་ཁུལ་ཡོངས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བ་བྱ་དགོས། ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཀའི་ཕན་འབྲས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་བརྟག་བཤེར་དང་རྒྱ་སྐྱེད་གཏོང་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཁྲིད་སྟོན་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱེད་པ། སྡེ་ཁུལ་གྱི་གྲོང་མི་སྐུལ་སློང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་འཛིང་རགས་ཤིག་འཛུགས་དགོས་ཞེས་ནན་སྟོན་གནང་ཡོད།
ད་ལོའི་སྤྱི་ཟླ་1པོའི་ཚེས་12ཉིན་ནས་བཟུང་། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཏི་ཐན་སྨན་ཁང་གིས་ཏོག་གསར་གློ་ཚད་ཕོག་པའི་ནད་པ་སྐྱོབ་བཅོས་དང་། འཐེན་བཤེར། ལོགས་དབྱེ་བཅས་ཀྱི་ལས་དོན་སྒྲུབ་པའི་འགན་འཁུར་ཏེ། པེ་ཅིང་གྲོང་ཁྱེར་གྱི་ནད་པ་དང་པོར་ནད་ཕོག་པ་གཏན་འཁེལ་བྱས་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་ཉར་ཡོད། ཞི་ཅིན་ཕིང་ཏི་ཐན་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་གི་ཐོག་ས་དང་པོའི་ལྟ་ཞིབ་ཚོད་འཛིན་ལྟེ་གནས་སུ་ཕེབས་ཏེ། ལྟ་ཞིབ་ཚོད་འཛིན་བརྙན་པར་ནས་ནད་པ་སྨན་ཁང་དུ་བསྡད་ནས་བརྟག་དཔྱད་སྨན་བཅོས་བྱེད་པའི་གནས་ཚུལ་ལ་གཟིགས་གནང་བ་མ་ཟད། བརྙན་མཐོང་བརྒྱུད་ནད་ཁང་དུ་སྨན་བཅོས་བྱེད་མཁན་སྨན་དོན་མི་སྣ་དང་གླེང་མོལ་གནང་བ་དང་། ཁོང་ཚོས་མུ་མཐུད་བརྟག་དཔྱད་སྨན་བཅོས་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། མུ་མཐུད་ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱས་ཏེ། སྨན་བཅོས་བསྡུ་ཉར་བྱེད་ཚད་དང་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་བ་དང་། ནད་འགོས་ཚད་དང་ནད་པ་འཆི་ཚད་ཉུང་དུ་གཏོང་དགོས་པ་མ་ཟད། ཁོང་ཚོས་རང་ངོས་འགོག་སྲུང་ཡག་པོ་བྱེད་དགོས་པའི་བཀའ་མངགས་གནང་ཡོད།
ཞི་ཅིན་ཕིང་གིས། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་ལ་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད། ཏི་ཐན་སྨན་ཁང་གི་རྒྱང་རིང་བརྟག་དཔྱད་སྨན་བཅོས་ལྟེ་གནས་སུ་ཞི་ཅིན་ཕིང་གིས་བརྙན་མཐོང་བརྒྱུད་ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་བསྡུ་ཉར་སྨན་བཅོས་བྱེད་སའི་ཅིན་ཐན་སྨན་ཁང་དང་། ཞེ་ཧོ་སྨན་ཁང་། ཧོ་ཧྲན་ཧྲན་སྨན་ཁང་བཅས་དང་སྦྲེལ་མཐུད་གནང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མའི་སྨན་དོན་མི་སྣ་དང་། ལས་བྱེད་ལས་བཟོ་པ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་བསམ་འཆར་དང་གྲོས་འགོ་གསན་གནང་ཡོད།
ཁོང་གིས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་པ་དང་། ཏང་གི་འབོད་སྐུལ་དང་ལེན་བྱེད་པ། ཕྱིར་བཤོལ་མི་བྱེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་བསྐྱོད་པ་དང་། དུས་ཚོད་དམ་འཛིན་གྱིས་ནད་གདོན་ལ་ཁ་གཏད་གཅོག་པ། དཀའ་སྤྱད་འབད་བརྩོན་དང་ཉིན་མཚན་དབྱེར་མེད་ངང་འབད་འཐབ་བྱས་ཏེ། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་བསམ་པའི་ངང་ཚུལ་མངོན་པ་བྱེད་དགོས་ཞེས་ནན་སྟོན་གནང་བ་དང་། ཁོང་གིས། ད་ཆ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་འགག་རྩའི་དུས་སུ་སླེབས་པས། རྒྱ་ཆེའི་སྨན་དོན་ལས་དོན་མི་སྣས་ངེས་པར་དུ་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱེད་པ་དང་། དཀའ་སྡུག་བཟོད་སྲན་དང་འབད་འཐབ་ལྷུར་ལེན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཛ་དྲག་དུས་སྐབས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་སྔ་བར་ཕྱི་གསུམ་དུ་ཨང་དང་པོར་འཇོག་པ། ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱེད་པ། ཝུའུ་ཧན་གྱི་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་ཡི་སྲུང་སྐྱོབ་དམག་འཐབ་ཡག་པོ་རྒྱག་དགོས་ཞེས་གསུངས་ཡོད།
དེ་རྗེས་ཞི་ཅིན་ཕིང་གིས་རྒྱང་རིང་བརྟག་དཔྱད་སྨན་བཅོས་ལྟེ་གནས་སུ་བརྙན་མཐོང་གྲོས་ཚོགས་སྐོང་ཚོགས་གནང་སྟེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་ཁྲིད་ཚོ་ཆུང་གི་འགོ་འཛིན་སུན་ཁྲུན་ལན་དང་། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཅང་ཁྲའོ་ལེའང་རྣམ་གཉིས་ནས་ཁག་སོ་སོར་ཀྲུང་དབྱང་མཛུབ་ཁྲིད་ཚོ་ཆུང་དང་ཧུའུ་པེ་བཀོད་འདོམས་པུའི་ཚབ་ཞུས་ཏེ་གནང་བའི་སྙན་སེང་གསན་གནང་བ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད།
ཞི་ཅིན་ཕིང་གིས། ཐོག་མར་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཧུའུ་པེ་ཡི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་དཀའ་སྤྱད་འབད་འཐབ་གནང་བཞིན་པའི་རྒྱ་ཆེའི་སྨན་དོན་ལས་དོན་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། འཐབ་ཕྱོགས་ཁག་གི་བློ་མཐུན་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ད་ཐེངས་ཀྱི་རིམས་ནད་ཁྲོད་སྟབས་མི་ལེགས་པར་གྲོངས་པའི་ནད་པ་རྣམས་ལ་ཐུགས་སེམས་སྐྱོ་བ་ཆེན་པོས་མྱ་ངན་ཞུས་གནང་བ། ནད་པ་དང་ནད་པའི་ཁྱིམ་མི་དང་། ནད་གཞིས་རྐྱེན་གྲོངས་པའི་ཁྱིམ་མིར་ལྷག་བསམ་དག་པའི་ཐུགས་གསོའི་འཚམས་འདྲི་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཧུའུ་པེ་དང་ལྷག་པར་དུ་ཝུའུ་ཧན་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། སེམས་ཤུགས་བརྟན་གཏོང་དང་། གནས་བབ་ཧྲིལ་པོར་གཞིགས་པ། རང་རྟོགས་ངང་བྱ་སྤྱོད་སྤེལ་བ། དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱེད་པ། རྒྱལ་ཡོངས་ས་གནས་ཁག་གིས་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱབ་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ས་ཁུལ་ཁག་གི་ཧུའུ་པེ་དང་ཝུའུ་ཧན་དུ་རྒྱབ་སྐྱོར་ལ་བསྐྱོད་པའི་རྒྱ་ཆེའི་སྨན་དོན་ལས་དོན་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དེ་བཞིན་ཕྱོགས་གང་ཅིའི་ཐད་ཀྱི་མི་སྣ་བཅས་ནས་དཀའ་ཉེན་ཇི་ཙམ་འཕྲད་པ་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི་ཞུམ་པ་མེད་པའི་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བཀའ་བཏང་རྗེས་བྱ་སྤྱོད་སྤེལ་བ། བློ་བརྟན་འགྱུར་མེད། རང་སྲོག་བློས་གཏོང་ལ་མི་སྐྲག་པ། འགག་སྒྲོལ་དཀའ་སེལ་བཅས་བྱེད་དགོས། ཚང་མས་དཀའ་ཚེགས་ཆེ་བའི་ལས་དོན་འབོར་ཆེན་བསྒྲུབ་པ་དང་འབད་འཐབ་ལྷོད་མེད་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཧུའུ་པེ་དང་ཝུའུ་ཧན་མི་དམངས་དང་མཉམ་དུ་ལངས་ཡོད། ཏང་ཀྲུང་དབྱང་གིས་མཛུབ་ཁྲིད་ཚོ་ཆུང་ཝུའུ་ཧན་དུ་མངགས་གཏོང་གནང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མའི་ལས་དོན་ལ་ཁྱོན་ཡོངས་ནས་མཛུབ་ཁྲིད་བྱས་ཡོད་ལ། ཧུའུ་པེ་མི་དམངས་དང་ཝུའུ་ཧན་མི་དམངས་དང་དཔུང་པ་མཉམ་གཤིབ་ངང་འབད་འཐབ་ཀྱང་བྱས་ཡོད། ཝུའུ་ཧན་ནི་དཔའ་བོའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧུའུ་པེ་མི་དམངས་དང་ཝུའུ་ཧན་མི་དམངས་ནི་དཔའ་བོའི་མི་དམངས་ཡིན་ཞིང་། ལོ་རྒྱུས་ཐོག་དཀའ་ཉེན་གྱིས་ཕམ་ཉེས་སུ་གཏོང་མྱོང་མེད། བློ་མཐུན་རྣམ་པས་ཕྱར་བ་གྲུ་འདེགས་དང་། དཔའ་ངར་ཆེན་པོས་འབད་འཐབ། དུས་ངན་མཉམ་སེལ་བཅས་བྱས་ཚེ། ང་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ངེས་ཡིན་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཧུའུ་པེ་དང་ཝུའུ་ཧན་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ས་ཆ་ཡིན། ཝུའུ་ཧན་ལ་རྒྱལ་ཁ་ཐོབ་ན་ཧུའུ་པེ་ལ་རྒྱལ་ཁ་ཐོབ་པ་དང་། ཧུའུ་པེ་ལ་རྒྱལ་ཁ་ཐོབ་ན་རྒྱལ་ཡོངས་ལ་རྒྱལ་ཁ་ཐོབ་པ་ཞིག་ཡིན། མིག་སྔར། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པས་བྱ་ཐབས་སྔར་བས་བཟུང་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་ཐག་སྔར་བས་ཆོད་པའི་བྱ་ཐབས་བཟུང་སྟེ། རིམས་ནད་འགོས་ཁྱབ་ཤུགས་ཆེར་འགྲོ་བའི་རྣམ་པ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གཅིག་ནས་བསྡུ་ཉར་བྱེད་དགོས་རིགས་ཚང་མ་བསྡུ་ཉར་བྱེད་པ་དང་། འབྱུང་རྩ་ཚོད་འཛིན་དང་འགོས་ཁྱབ་འགྲོ་ལམ་མེད་པ་བཟོ་རྒྱུ་ནི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་རྩ་བཅོས་བྱ་ཐབས་ཡིན། བྱ་ཐབས་སྔར་བས་ཤུགས་དྲག་ཆེ་བ་བཟུང་ནས་སྨན་བཅོས་ལས་ཁུངས་ཀྱི་ཉལ་ཁྲི་གང་མགྱོགས་མང་དུ་གཏོང་བ་དང་། གྲུ་ཁང་སྨན་ཁང་བེད་སྤྱོད་ཡག་པོ་བྱས་ཏེ་མགྲོན་ཁང་དང་སྦྱོང་བརྡར་ལྟེ་གནས་སོགས་ཀྱི་ས་ཆ་སྤྱད་དེ་ལོགས་དབྱེའི་ཉལ་ཁྲི་མང་དུ་བཏང་ནས་འབད་བརྩོན་ཆེན་པོས་ནད་པ་སྨན་བཅོས་བྱ་རྒྱུར་བསྡུ་ཉར་བྱེད་དགོས། གཉིས་ནས་སྐྱོབ་བཅོས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་དགོས། ནད་པ་གཅིག་སྡུད་དང་། རིགས་གཅིག་པ་གཅིག་སྡུད། ཐོན་ཁུངས་གཅིག་སྡུད། སྐྱོབ་བཅོས་གཅིག་སྡུད་བཅས་ཀྱི་རྩ་དོན་གཞིར་བཟུང་། བརྟག་དཔྱད་སྨན་བཅོས་ཇུས་གཞི་ཟམ་མི་ཆད་པར་ལེགས་སྒྱུར་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས། ཚན་ཞིབ་འགག་གཏོར་བྱེད་ཚད་ཤུགས་ཆེར་གཏོང་བ། ནད་ཐོག་སྨན་བཅོས་ནུས་པ་ཅུང་ཆེ་བའི་སྨན་རྫས་འཐེན་བཤེར་དང་ཞིབ་བཟོ་ཇེ་མགྱོགས་སུ་གཏོང་དགོས། གསུམ་ནས་སྤྱི་ཚོགས་ཀྱི་དོ་དམ་ཚོད་འཛིན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཀྱི་བཅོས་སྐྱོང་ཤུགས་ཆེར་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཁྲོད་ཐོན་པའི་གནད་དོན་སྣ་ཚོགས་ཐག་གཅོད་འོས་འཚམས་བྱེད་པ། ལས་དོན་ཁག་བཀོད་སྒྲིག་ཞིབ་ཚགས་བྱེད་པ། འཚོ་བའི་འགན་སྲུང་དང་སྨན་བཅོས་སྐྱོབ་བཅོས། སེམས་ཁམས་མཛུབ་སྟོན་སོགས་ཀྱི་ལས་དོན་གནད་ལ་འཁེལ་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོབ་བྱེད་དགོས། བཞི་ནས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ཧུའུ་པེ་དང་ཝུའུ་ཧན་ལ་བཅངས་པའི་སེམས་ཁུར་དང་མཐོང་ཆེན་གནང་ལུགས་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས་པ་དང་། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་པའི་གཅེས་སེམས་ཆེན་པོའི་སྙིང་སྟོབས་དྲིལ་བསྒྲགས་བྱེད་པ། འཐབ་ས་མདུན་མའི་སྨན་དོན་མི་སྣ་དང་གཞི་རིམ་ལས་བྱེད་པ། སྤྱི་བདེ་ཉེན་རྟོག། སྡེ་ཁུལ་གྱི་ལས་དོན་པ། དང་བླངས་པ་སོགས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་དྲིལ་བསྒྲགས་བྱེད་པ་བཅས་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགྱུར་མེད་ཀྱི་ཆོད་སེམས་དང་། ཕྱར་བ་གྲུ་འདེགས་བྱེད་པའི་བློ་སྟོབས་མངོན་པར་བྱེད་དགོས། དུས་ཐོག་ཏུ་དབང་གྲགས་ལྡན་པའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པ་དང་། ཡོངས་གྲགས་ཁ་གསལ་གྱི་ཐོག་ནས་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་ལན་ཆ་བྱས་ཏེ་གླེང་ཕྱོགས་ཁྲིད་སྟོན་གྱི་དམིགས་བཙུགས་རང་བཞིན་དང་ནུས་ལྡན་རང་བཞིན་མཐོར་འདེགས་བྱ་དགོས། འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་སྔོན་འགོག་ཚོད་འཛིན་ཤེས་བྱ་དྲིལ་བསྒྲགས་ཀྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྤྱི་ཚོགས་ཧྲིལ་པོས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཁྲིད་སྟོན་བྱེད་པ། མི་དམངས་མང་ཚོགས་ཀྱི་རང་ངོས་འགོག་སྲུང་ནུས་པ་མཐོ་རུ་གཏོང་བ་བཅས་བྱེད་དགོས། ལྔ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཅིག་གྱུར་བཀོད་འདོམས་བྱེད་དགོས། ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་གཅོག་པའི་ཚོ་ཆུང་གིས་སྒོ་ཀུན་ནས་ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་བྱེད་དགོས་པ་དང་། གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དམ་འཛིན་ཡག་པོ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་མཐུན་སྦྱོར་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཝུའུ་ཧན་སོགས་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྔོན་ལ་འགན་ལེན་བྱེད་དགོས། ཀྲུང་དབྱང་མཛུབ་ཁྲིད་ཚོ་ཆུང་གིས་ཧུའུ་པེ་དང་ཝུའུ་ཧན་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཅིག་ནས་མཛུབ་ཁྲིད་བྱེད་དགོས་ལ། གཉིས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། ཧུའུ་པེ་དང་ཝུའུ་ཧན་གྱིས་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་གྲོང་ཁྱེར་ཁག་དང་ཤང་གྲོང་ཁག་གི་རིམས་འགོག་ལས་དོན་ལ་གཅིག་གྱུར་ཐོག་ཤུགས་སྣོན་རྒྱག་དགོས་པ་དང་། བཀོད་འདོམས་མ་ལག་འཐུས་ཚང་འཛུགས་པ། བྱ་ཐབས་མགྱོགས་ལ་འཕྲལ་ཐག་ཆོད་པ། འཁོར་རྒྱུགས་ནུས་འབྲས་མཐོ་ལ་གོ་རིམ་དང་ལྡན་པ། ལག་ལེན་བསྟར་ཤུགས་ཆེ་བ་བཅས་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱ་ཆེའི་སྨན་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། ཁོང་ཚོས་ཉིན་མཚན་དབྱེར་མེད་ངང་དཀའ་སྤྱད་འབད་འཐབ་བྱེད་བཞིན་ཡོད་པས་ཧ་ཅང་དཀའ་ལས་ཁག་པོ་ཡོད། སྨན་དོན་མི་སྣ་མང་པོ་ཞིག་ལའང་སྟབས་མ་ལེགས་པར་ནད་དུག་འགོས་ཡོད་ལ། རང་སྲོག་བློས་གཏོང་བྱས་པའང་བྱུང་ཡོད། དེའི་ཐོག་ནས་སྨན་དོན་མི་སྣའི་བྱམས་སེམས་ཆེ་བའི་བླ་ན་མེད་པའི་སྙིང་སྟོབས་མངོན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁོང་ཚོར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། ཕུལ་བྱུང་གི་དཔེ་མཚོན་དང་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཁོང་ཚོར་འཕྲད་པའི་དོན་དངོས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ། འཚོ་བ་དང་བདེ་འཇགས། མི་ཆོས་ཀྱི་སེམས་ཁུར་སོགས་ཕྱོགས་ཚང་མ་གནད་ལ་འཁེལ་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དེ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་དྲག་པོ་ཞིག་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཞིབ་ཚགས་བྱེད་དགོས། རིམ་ཁག་ཏང་སྲིད་འགོ་ཁྲིད་དང་ལས་བྱེད་པས་མདུན་ཕྱོགས་སུ་སྐྱོད་ནས་བཀོད་འདོམས་བྱེད་པ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འཐབ་ས་མདུན་མར་སྐྱོད་དགོས་པ་དང་། ས་སྲུང་འགན་འཁྲི་ཡོད་པ་དང་། ས་སྲུང་འགན་འཁྲི་འཁུར་བ། ས་སྲུང་འགན་འཁྲི་བསྒྲུབ་པ་བཅས་བྱེད་དགོས་པ། སེམས་ནུས་གཅིག་སྒྲིལ་དང་བློ་རྩ་གཅིག་སྒྲིམ་གྱིས་ལས་དོན་ཁག་ཡག་པོ་བསྒྲུབ་པ་བཅས་བྱས་ཏེ་ལྷུ་ཚིགས་ཡོད་ཚད་དོན་ཐོག་ཏུ་འཁེལ་བ་བྱེད་དགོས། ཚོད་བགམ་ཆེན་མོའི་མདུན་དུ་ལས་བྱེད་པར་རྟོག་ཞིབ་གསལ་པོ་ཐུབ་སྲིད། བྱས་རྗེས་འཇོག་མཁན་ལ་བསྟོད་བསྔགས་གཟེངས་བསྟོད་བྱས་ནས་བློ་ཁོག་ཆེན་པོས་བེད་སྤྱོད་བྱེད་དགོས་པ་དང་། སྤྱོད་ཚུལ་མི་ལེགས་པ་དང་། ལས་ལ་གཡོལ་ཞིང་འགན་འཁྲི་གཞན་ལ་དཀྲི་མཁན་རྣམས་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། རྒྱ་ཁྱབ་ཐོག་སྐུལ་སློང་དང་མང་ཚོགས་ལ་བརྟེན་ཏེ་བློ་གཅིག་སེམས་གཅིག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་སྟོན་གནང་ཡོད།
ཏི་ཐན་སྨན་ཁང་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ཁྲའོ་ཡང་ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་རྟོག་ཞིབ་གནང་བར་ཕེབས་པ་དང་། ཁྲའོ་ཡང་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ལས་དོན་སྙན་སེང་ཞུས་པ་གསན་གནང་ཡོད། ཞི་ཅིན་ཕིང་གིས། ཐེངས་འདིའི་རིམས་ནད་རྒྱལ་ཡོངས་ཀྱི་རིམ་ཁག་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་འཕྲལ་སྒྲུབ་ཐག་གཅོད་ནུས་པའི་ངོས་ནས་བརྗོད་ན་ཚོད་བགམ་ཆེན་པོ་ཞིག་རེད། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱིས་གཅིག་ནས་བསམ་པའི་འཁྱེར་ཕྱོགས་བཟང་པོ་དང་མངོན་གསལ་དོད་པའི་ལམ་ལུགས་བཟང་ཆ་མངོན་ཡོད་ལ། གཉིས་ནས་མི་འདང་བའི་ཆའང་མང་པོ་ཞིག་མངོན་ཡོད། རྒྱལ་ཡོངས་རིམས་ནད་ཚོད་འཛིན་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས་པ་དང་། རིམ་ཁག་སྔོན་འགོག་ཚོད་འཛིན་ཐད་ཀྱི་ཤེས་ལྡན་མི་སྣ་དང་ཚན་ཞིབ་སྟོབས་ཤུགས། ཁྲིམས་འཛུགས་སོགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ནད་ཡམས་ཚོད་འཛིན་མ་ལག་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་ཡོད།
ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ཚོགས་ཁང་ནང་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་པེ་ཅིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ལས་དོན་སྙན་སེང་ཞུས་པ་གསན་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།
ཞི་ཅིན་ཕིང་གིས་པེ་ཅིང་འདི་ཉིད་རྒྱལ་ས་ཡིན་པའི་ཆ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འགན་འཁྲི་ཧ་ཅང་གི་ལྗིད་པོ་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་གནང་བའི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རིགས་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱེད་པ། ཕྱི་ནས་ནང་དུ་འགོས་རྒྱུར་སྔོན་འགོག་དང་། ནང་ཁུལ་དུ་འགོས་ཁྱབ་འགྲོ་རྒྱུར་སྔོན་འགོག་བྱེད་པའི་ལྷུ་ཚིགས་ཆེན་པོ་གཉིས་ལ་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་རིམས་ནད་འགོས་ཁུངས་རྩ་གཅོད་གཏོང་བ། ནུས་ཤུགས་ཡོད་རྒུས་རིམས་ནད་འགོས་ཁྱབ་འགྲོ་བའི་ཁྱབ་ཁོངས་ཚོད་འཛིན་ནན་པོ་བྱེད་པ་བཅས་བྱེད་དགོས། མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ནི་དུས་ཆེན་རྗེས་པེ་ཅིང་དུ་ཕྱིར་ལོག་བྱེད་མཁན་གྱི་མི་གྲངས་རིམ་བཞིན་མང་དུ་སོང་བ་དང་། རིམས་ནད་འགོས་ཁྱབ་འགྲོ་བའི་ཉེན་ཁ་ཤུགས་ཆེར་སོང་བར་གཞིགས་ཏེ་དམིགས་བཙུགས་རང་བཞིན་ལྡན་པའི་ཁ་གཏད་གཅོག་པའི་བྱ་ཐབས་བཟུང་རྒྱུ་དེ་ཡིན། སྔ་ཙམ་ཤེས་རྟོགས་ཐུབ་པ་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་དབྱེ་བ། སྔ་ཙམ་སྨན་བཅོས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་འབྲེལ་གཏུག་དམ་ཟབ་ཡོད་མཁན་གྱི་མི་སྣར་གང་མགྱོགས་གཅིག་གྱུར་ཐོག་གསོ་རིག་བལྟ་ཞིབ་བྱེད་དགོས། སྡེ་ཁུལ་གྱི་མཉམ་འགོག་མཉམ་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་ཏེ་གནད་དོན་ཤེས་རྟོགས་ཐུབ་མ་ཐག་སྙན་སེང་ཞུ་དགོས། གྲངས་གཞི་ཆེན་མོ་སོགས་ཀྱི་བྱ་ཐབས་སྤྱད་དེ་རིམས་ནད་ལ་ཁུངས་འདེད་དང་ལྟ་ཞིབ་ཚད་ལེན་བྱེད་དགོས། རིམས་འགོག་དངོས་ཟོག་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་སྔོན་འགོག་ཚོད་འཛིན་བྱ་ཡུལ་གྱི་མི་སྣ་དང་དངོས་ཟོག་ཚང་མ་འགན་ལེན་ཐུབ་པ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་ཀྱང་བཀོད་སྒྲིག་ཐད་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅི་ཕིང་གིས། སྨན་བཅོས་སྐྱོབ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བ། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་མཉམ་དུ་གཙོ་ཆེར་འཛིན་རྒྱུ་རྒྱུན་འཁྱོངས། བཟང་ཆ་ལྡན་པའི་སྨན་བཅོས་སྟོབས་ཤུགས་སྒྲིག་འཛུགས་བྱེད་པ། རིམས་ནད་འགོས་ཚད་དང་འཆི་ཚད་ཉུང་དུ་གཏོང་རྒྱུའི་ཐད་སྔར་བས་ནུས་ལྡན་གྱི་སྨན་བཅོས་ཇུས་གཞི་འདོན་དགོས། རིམ་པ་དབྱེ་བ་དང་རིགས་དབྱེ་བའི་ཐོག་ནས་ནད་བརྟག་སྐྱོབ་བཅོས་བྱེད་རྒྱུ་ལག་བསྟར་བྱེད་པ་དང་ནད་བརྟག་གཏན་འཁེལ་བྱུང་བའི་ནད་པ་བསྡུ་ཉར་འོས་རིགས་བསྡུ་ཉར་གང་ཐུབ་བྱེད་པ། ནད་གཞི་ལྕི་བ་དང་ཉེན་ཁ་ཆེ་བའི་ནད་པ་གཅིག་བསྡུས་བྱས་ནས་སྐྱོབ་བཅོས་དང་ནུས་ཤུགས་གང་ཡོད་ཀྱིས་སྐྱོབ་བཅོས་བྱེད་པ། ལྷག་དོན་དུ་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་སོགས་ཀྱི་ནད་པར་དོ་ཁུར་དམ་ཟབ་བྱེད་དགོས། ཐོན་ཉེན་ཆེ་བའི་གནས་ཚུལ་ལ་གྲ་སྒྲིག་ཨང་གསར་བྱེད་པ་དང་། སྨན་ཁང་རྒྱ་ཆེར་གཏོང་བ་དང་སྒྱུར་བཀོད་བྱེད་པ། ཉལ་ཁྲི་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་བསྡུ་བཅོས་ནུས་པ་ཆེ་རུ་གཏོང་དགོས། མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ཁང་དང་ཟོའོ། ཁེ་ལས་བཅས་ལ་ཚན་ཞིབ་འགག་གཏོར་སྒྲིག་འཛུགས་བྱེད་པ་དང་ཚོད་ལྟའི་སྨན་དང་སྨན་ཁབ། སྨན་རྫས་བཅས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་སྔ་ཙམ་འགག་གཏོར་ཡོང་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅི་ཕིང་གིས། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། དམངས་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་གླེང་ཕྱོགས་ཀྱི་རྣམ་པ་ཞིག་སྐྲུན་པ་དང་། དམངས་ཡོངས་ཀྱི་སེམས་ནུས་གཅིག་སྒྲིལ་ཐོག་ནས་དཀའ་ཚེགས་ལས་གྲོལ་བའི་དྲང་ནུས་ཆེན་པོ་ཞིག་གཅིག་འདུས་བྱེད་དགོས། ཚན་རིག་དང་མཐུན་པའི་འགོག་སྲུང་ཤེས་བྱ་ཁྱབ་གདལ་རྒྱ་ཁྱབ་གཏོང་བ་དང་། མང་ཚོགས་ཀྱིས་ཡང་དག་དང་སྟངས་འཛིན་སྒོ་ནས་རིམས་ནད་ལ་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་བྱེད་པ། རང་ངོས་ཀྱི་དོགས་ཟོན་འདུ་ཤེས་དང་འགོག་སྲུང་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་དང་གླེང་ཕྱོགས་ཀྱི་དོ་ཁུར་བྱེད་ཡུལ་ལ་དུས་ཐོག་ཏུ་ལན་ཆ་བྱེད་དགོས། ཆུ་དང་གློག རླངས། དྲོད་ལེན་སོགས་གྲོང་ཁྱེར་གྱི་ཚེ་སྲོག་ལམ་བུར་སྲུང་སྐྱོབ་བྱས་ནས་གྲོང་ཁྱེར་གྱི་རྒྱུན་ལྡན་འཁོར་སྐྱོད་འགན་ལེན་བྱེད་དགོས། ཟོག་གོང་ཧམ་སྤོར་དང་། འབེལ་ཉོ་དཀོན་འཚོང་། སྐབས་བསྟུན་འཕྲོག་བཅོམ་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ཐོག་རིམས་ནད་འགོག་བཅོས་ནང་ཐོན་པའི་འགལ་ཟླ་སྣ་ཚོགས་དང་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་འགན་ཁག་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ་དང་ནུས་ཤུགས་གང་ཡོད་སྒོ་ནས་རིམས་ནད་འགོག་བཅོས་དམ་འཛིན་བྱེད་པ་དང་དུས་མཚུངས་སུ་བརྟན་པོ་དྲུག་གི་ལས་དོན་གཅིག་གྱུར་ཐོག་ཡག་པོ་བསྒྲུབ་དགོས། སེམས་ཤུགས་བརྟན་དུ་གཏོང་བ་དང་རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་པོ་ལེགས་ཕྱོགས་སུ་གོང་འཕེལ་འགྲོ་བའི་གཞི་རྩའི་གནས་བབ་ལ་འགྱུར་བ་བྱུང་མེད་པ་མཐོང་ཐུབ་པ་བྱེད་པ་དང་། རིམས་ནད་ཀྱི་རྡ་གསིག་ནི་དུས་ཐུང་ཡིན་པས་གནད་དོན་དང་དཀའ་ངལ་འོག་གཉའ་མི་ཞུམ་པ་བྱེད་དགོས། དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་གནས་ཚུལ་གྱིས་དཔལ་འབྱོར་ལ་ཤུགས་རྐྱེན་བཟོ་ཚད་དམའ་རུ་གཏོང་གང་ཐུབ་བྱེད་པ་དང་། འབད་པ་ཆེན་པོས་ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་ཁག་ལེགས་འགྲུབ་ཐུབ་པ་བྱ་དགོས། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ལས་འགོ་བསྐྱར་ཚུགས་དང་རྣམ་གྲངས་གསར་པ་རྣམས་ལས་འགོ་འཛུགས་རྒྱུར་དམ་འཛིན་བྱེད་དགོས། གྲོང་མིའི་འཛད་སྤྱོད་བརྟན་པོ་ཡོང་བ་བྱེད་པ་དང་། དྲ་ཐོག་འཛད་སྤྱོད་གོང་འཕེལ་གཏོང་བ། བདེ་ཐང་རིགས་ཀྱི་འཛད་སྤྱོད་རྒྱ་ཆེར་གཏོང་དགོས། ཁེ་ལས་བྱ་གཞག་ཚན་པས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་པའི་ཁེ་ལས་ལ་དངུལ་རྩ་དང་ལས་མི་བཀོལ་སྤྱོད་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཀའ་ངལ་གྱི་གནས་ལས་སྒྲོལ་རོགས་བྱེད་དགོས། རིམས་ནད་ཇི་ཙམ་གྱིས་ཐོན་པ་དེ་ཙམ་གྱིས་དམངས་འཚོའི་ལས་དོན་འགན་སྲུང་དང་ལེགས་བཅོས་ཡག་པོ་བྱེད་རྒྱུར་དོ་སྣང་བྱེད་པ་དང་། ལྷག་དོན་དུ་ལས་ཞུགས་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་མང་པོ་འཐེན་འཕྲི་བྱེད་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་དང་ཚན་པ་ཁག པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་གི་ཁེ་ལས་དང་དཔུང་སྡེས་རྒྱལ་སའི་རིམས་ནད་འགོག་བཅོས་སྟོབས་ཤུགས་ལ་གཅིག་གྱུར་སྒྲིག་གཞི་འཛུགས་རོགས་བྱེད་རྒྱུར་རམ་འདེགས་ཧུར་ཐག་བྱེད་པ་དང་། པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་ལས་ཁུངས་ནས་རང་སོའི་རིམས་ནད་འགོག་བཅོས་འགན་འཁྲི་འཁུར་ནས་འགོག་བཅོས་བྱ་ཐབས་ཁག་དོན་འཁྱོལ་བྱེད་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཏིང་ཞུའེ་ཞང་དང་། ཞའོ་ཅེ། ཀྲའོ་ཁེ་ཀྲེ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས་ཡོད།