གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས11ཉིན་གྱི་ཆུ་ཚོད4ཙམ་ལ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ནང་ཏོག་གསར་གློ་ཚད་འགོས་པའི་ནད་པ་གཉིས་སངས་དྲག་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་དུ་གཏན་འཁེལ་ནད་པ18ཡོད་པའི་ཁྲོད་ནས་ནད་པ5སངས་དྲག་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིར་སྨན་ཁང་ལས་ཕྱིར་བུད་པའི་ནད་པ་གཉིས་ནི་རང་ཞིང་གིས་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བྱས་པའི་ནད་པ་ཨང8པ་ཀྲིན་ཆེ་གེ་མོ་དང་ཨང11པ་ཀྲང་ཆེ་གེ་མོ་གཉིས་རེད།
ཀྲིན་ཆེ་གེ་མོ་ནི་བུའུ་ཧན་གྱི་མི་ཡིན་ལ། ཟླ1པོའི་ཚེས21ཉིན་བུའུ་ཧན་ནས་ཟི་ལིང་ལ་གཉེན་འཕྲད་དུ་ཡོང་བ་དང་། ཚེས22ཉིན་ཚ་བ་རྒྱས། ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བར་སོང་ནས་བརྟག་བྱས་པར་ནད་རྟགས་མ་རྙེད། དེ་རྗེས་ཟླ1པོའི་ཚེས26ནས28བར་ཁྱིམ་ནས་ལོགས་བཀར་ལྟ་ཞིབ་བྱས་ཤིང་། ཚེས29ཉིན་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་ནས་སླར་ཡང་བརྟག་དཔྱད་བྱས་པར། སྨན་ཁང་གིས་དེ་མ་ཐག་ལོགས་བཀར་བྱས་ཤིང་། ཚེས30ཉིན་ཏོག་གསར་གློ་ནད་འགོས་ཡོད་པ་གཏན་འཁེལ་བྱས།
ཀྲང་ཆེ་གེ་མོ་ནི་ཟླ1པོའི་ཚེས10ཉིན་བུའུ་ཧན་དུ་བསྐྱོད་ནས་གཉེན་སྟོན་ཞིག་ལ་ཞུགས་པ་དང་། ཟླ1པོའི་ཚེས15ཉིན་གནམ་གྲུར་བསྡད་ནས་ཕྱིར་ཟི་ལིང་དུ་ལོག ཟླ1པོའི་ཚེས27ཉིན་གློ་ལུ་བྱུང་ཤིང་། ཟླ1པོའི་ཚེས31ཉིན་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་སོང་ནས་ནད་བརྟག་བྱས་པར་དེ་མ་ཐག་ལོགས་བཀར་བྱས་ཤིང་། ཟླ2པའི་ཚེས2ཉིན་ཏོག་གསར་གློ་ནད་འགོས་ཡོད་པ་གཏན་འཁེལ་བྱས།
གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་བསྒྱུར།