ཝུའུ་ཧན་དུ་བསྐྱོད་པའི་བོད་རིགས་བུ་མོ་ཆོས་སྐྱིད་སྒྲོལ་མ།
2020.02.11 ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀློག་གྲངས། 402


 བོད་རིགས་བུ་མོ་ཆོས་སྐྱིད་སྒྲོལ་མ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་བོད་སྨན་ཁང་གི་ཁོང་ནད་ཚན་ཁག་གི་སྨན་ཞབས་དཔོན་གཞོན་པ་ཡིན། སྤྱི་ཚེས་4ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་བོད་སྨན་ཁང་གི་ཏང་ཀྲི་པུས་སྨན་ཁང་ཡོངས་ཀྱི་སྨན་དོན་མི་སྣ་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པའི་འབོད་སྐུལ་འོག དུས་ཚོད་ཐུང་བ་དང་འོས་འགན་ལྕི་བས་སྨན་ཁང་གི་འགོ་ཁྲིད་ཀྱིས་སྨན་པ་སུ་ཞིག་མངགས་པར་གྲོས་འགོ་འདོན་དུས།

     ཆོས་སྐྱིད་སྒྲོལ་མས་ལག་པ་ཡར་བཀྱགས་ནས་ཁོ་མོ་འགྲོ་རྒྱུ་ཡིན་ཞེས་བཤད།


     སྐབས་དེར་ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱིས་ཁོ་མོར་བལྟ་བཞིན་ཚང་མ་སེམས་འགུལ་ཐེབས།ཆོས་སྐྱིད་སྒྲོལ་མའི་དུས་རྒྱུན་གྱི་ལས་སྒོའི་འཇོན་ནུས་ཆེན་པོ་ཡོད་པས། དུས་རྒྱུན་ཁོ་མོའི་ལས་ཆོད་དང་སྙིང་སྟོབས་ལ་ལས་གྲོགས་ཚང་མས་བསྟོད་བསྔགས་བྱེད་བཞིན་ཡོད།

   ཁོ་མོས་ང་ནི་སྨན་ཞབས་མ་ཞིག་ཡིན་པས་སྨན་ཞབས་ཀྱི་ཉམས་མྱོང་ཅུང་ཙམ་ལྡན།རིམས་འགོག་གི་འཐབ་ས་དང་པོར་བསྐྱོད་ནས་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་འདོན་རྒྱུ་ཡིན་ཞེས་འགོ་ཁྲིད་རྣམས་ལ་བཤད།

     འགོ་ཁྲིད་ཀྱིས་ཁྱེད་ཀྱི་ཁྱིམ་མི་རྣམས་ཀྱིས་ཁྱེད་རང་རིམས་འགོག་འཐབ་ས་དང་པོར་འགྲོ་རྒྱུར་མོས་མཐུན་བྱས་བྱུང་ངམ་ཞེས་དྲིས་པར། ཁོ་མོས་ཆོད་སེམས་བརྟན་པོའི་ངང་ངའི་ཁྱིམ་མི་རྣམས་ཀྱིས་ང་ལ་རྒྱབ་སྐྱོར་བྱེད་ཁོ་ཐག་ཡིན་ཞེས་བཤད་ཡོད་པ་རེད                       

    རྗེས་སུ་ང་ཚོས་ཁོ་མོར་ལོ་ན་ཆུང་བའི་ཕྲུ་གུ་གཉིས་ཡོད་པའང་ཤེས་རྟོགས་བྱུང་།ཁོ་མོ་ལམ་ལ་ཆས་སྐབས།ལས་གྲོགས་ཚོས་ཁོ་མོར་ཁ་བཏགས་ཕུལ་ཡོད་པ་དང་། ཁྱེད་ཀྱིས་ཕྲུ་གུ་གཉིས་ཀ་བློས་གཏོང་ཐུབ་བམ་ཞེས་དྲིས་པར།

     ཁོ་མོས་བློས་གཏོང་མི་ཐུབ་རུང་ང་རང་སྨན་ཞབས་མ་ཞིག་ཡིན་ཕྱིན། རིམས་འགོག་ནི་ངའི་འོས་འགན་ཡིན། ངས་རང་མོས་ཀྱིས་རིམས་འགོག་འཐབ་ས་དང་པོར་བསྐྱོད་རྒྱུའི་རེ་ཞུ་བྲིས་པ་ཡིན། རིམས་འགོག་གི་འཐབ་ས་དང་པོར་བསྐྱོད་པ་དེའང་ངའི་ཕྲུ་གུ་གཉིས་ཀར་སྲུང་སྐྱོང་བྱས་པ་དང་གཅིག་ཡིན་ཞེས་བཤད་ཡོད་པ་རེད།