ཝང་ཅན་ཅུན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བར་རྟོག་ཞིབ་བྱས།
2020.02.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་སྔ་གཞུག་ཏུ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་བཅས་སུ་སོང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ལ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་ཆེད་དོན་བརྙན་རིས་གྲོས་ཚོགས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། དྲིལ་བསྒྲགས་བསམ་བློའི་ལས་དོན་གྱིས་ལས་བྱེད་པར་སློབ་གསོ་གཏོང་བ་དང་མང་ཚོགས་ལ་སྣེ་ཁྲིད་བྱེད་པའི་འགག་རྩའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱིའི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད། གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར།

གསར་འགྱུར་ལས་ཁུངས་གང་དུ་སླེབས་ན་ཝང་ཅན་ཅུན་གྱིས་གསར་འགྱུར་བཅར་འདྲི་རྩོམ་སྒྲིག་མི་སྣ་དང་གླེང་མོལ་ཟབ་མོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁོང་ཚོར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ང་ཉིན་ལྟར་ནངས་སྔ་མོར་ལས་ཀར་འགྲོ་བའི་ལས་ཀ་ཐོག་མ་ནི་ཚགས་པར་ལ་བལྟ་རྒྱུ་དེ་ཡིན་པ་དང་། ཕྱི་དྲོར་ལས་མཚམས་བཞག་པའི་ལས་ཀ་རྗེས་མ་ནི་གསར་འགྱུར་མཉམ་སྒྲོག་ལ་བལྟ་རྒྱུ་དེ་ཡིན་པས། ཚང་མས་དམིགས་བསལ་གྱི་དུས་སྐབས་འདིར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་ལས་དོན་ལ་བྱས་རྗེས་ལེགས་པ་བཞག་པ་ཤེས་ཡོད་ཟེར། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དུ་ཝང་ཅན་ཅུན་གྱིས་བཅར་འདྲི་རྩོམ་སྒྲིག་མི་སྣར་མཉམ་འདྲེས་སྨྱན་བྱེད་ནུས་པ་དང་ལེགས་ཆ་སྔར་ལས་ཆེ་རུ་གཏོང་བ་དང་། དྲ་ཐོག་དང་དྲ་འོག་གི་གཡུལ་ས་གཉིས་སྤྱི་འདོམས་ཡག་པོ་བྱེད་པ། ཁྱབ་རྒྱ་དང་དོ་སྣང་། ཞུགས་ཚད་བཅས་ཟམ་མི་ཆད་པར་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་རིམས་ནད་འགོག་པའི་གཏམ་རྒྱུད་ཡག་པོ་བཤད་དགོས་པའི་ཐད་ནས་ལྕག་སྐུལ་བྱས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་སུ་ཝང་ཅན་ཅུན་གྱིས་རླུང་འཕྲིན་དང་བརྙན་འཕྲིན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལེ་ཚན་སྤེལ་བའི་གནས་ཚུལ་ངོ་སྤྲོད་ལ་གསན་རྗེས་བཤད་རྒྱུར། ཉེ་ལམ་མཚོ་སྔོན་ཞིང་ཆེན་དུ་ཧུའུ་པེ་ཡི་རིམས་ནད་འགོག་རྒོལ་བྱེད་པར་རོགས་སྐྱོར་གནང་མཁན་གྱི་སྨན་བཅོས་མི་སྣ་ཅུང་མང་བས། རླུང་འཕྲིན་དང་བརྙན་འཕྲིན་གྱིས་ཁོང་ཚོར་དོ་ཁུར་མང་ཙམ་བྱེད་པ་དང་། ཡིག་གཟུགས་དང་བརྙན་ལམ། སྐད་སྒྲ་བཅས་སྤྱད་དེ་ཁོང་ཚོའི་ནང་མི་དང་ལྟད་མོ་བར་ཆ་འཕྲིན་བརྒྱུད་སྤྲོད་བྱས་ནས། ཁོང་ཚོའི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་བྱེད་དགོས་ཟེར། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་དུ་ཝང་ཅན་ཅུན་གྱིས་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ཀྱི་བརྙན་ཤེལ་ཆེན་པོ་བརྒྱུད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་དྲ་རྒྱའི་གླེང་ཕྱོགས་ཐག་གཅོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། ཆ་འཕྲིན་དུས་རབས་ཀྱི་དྲ་འཕྲིན་ནི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་དང་ཆ་འཕྲིན་དོ་སྙོམས་ཡོང་བ་བྱ་རྒྱུ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པས། དྲ་འཕྲིན་ལས་དོན་ཐད་དྲ་རྒྱ་སྐྲུན་མཁས་པ་དང་དོ་དམ་བྱེད་མཁས་པ། སྤྱོད་མཁས་པ་བཅས་བྱས་ནས་དྲ་རྒྱའི་དྲང་ཕྱོགས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།

རྟོག་ཞིབ་བྱེད་སྐབས་ཝང་ཅན་ཅུན་གྱིས་གསར་འགྱུར་སྨྱན་བྱད་ནི་རིམས་ནད་ལྟ་ཞིབ་ཀྱི་སོ་ལྟ་བ་དང་ཤུགས་འདོན་ས། སྐུལ་འདེད་གཏོང་མཁན། མཇུག་འགྲིལ་ས་བཅས་ཡིན་པར་མ་ཟད། མིག་སྔའི་རིམས་ནད་སྔོན་འགོག་གི་གནད་འགག་དུས་སྐབས་འདིར་གསར་འགྱུར་སྨྱན་བྱེད་ལ་དམིགས་བསལ་གྱི་ནུས་པ་ལྡན། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མུ་མཐུད་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱིའི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྐད་སྒྲ་ཆེ་ཤོས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རེད། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས“སྨྱུ་གུའི་མེ་མདའ”འདི་བཀོལ་སྤྱོད་ཡག་པོ་བྱེད་དགོས་ལ། གསར་འགྱུར་དྲིལ་བསྒྲགས་ཀྱི་སྨྱུ་གུ་འདི་བཀོལ་སྤྱོད་ཡག་པོ་བྱས་ཏེ། དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་གསུང་སྐད་རྣལ་མ་ཡང་དག་པར་འགྲེལ་བཤད་དང་བརྒྱུད་སྤྲོད་བྱེད་པ་དང་། སྲིད་ཇུས་དང་བྱེད་ཐབས་དྲིལ་བསྒྲགས་དང་འགྲེལ་བཤད་བྱེད་ཤུགས་ཆེ་རུ་གཏོང་བ། ངར་ཤུགས་སྐྱེད་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་དཔྱད་གཏམ་དང་གཏམ་གླེང་སྔར་ལས་མང་བ་འདོན་སྤེལ་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པར་གདོང་མཆོང་བྱེད་པ་དང་མིག་དཔེ་སྟོན་པའི་སྐུལ་མ་གཏོང་དགོས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཇེ་ཆེར་གཏོང་དགོས། རྒྱལ་ཡོངས་བསམ་ཇུས་གཅིག་དང་ཞིང་ཆེན་ཡོངས་བསམ་ཇུས་གཅིག་ཏུ་རྒྱུན་འཁྱོངས་བྱས་ཏེ། བརྙན་མིག་དང་སྐད་སྒྲ སྨྱུག་རྩལ་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཡུལ་ས་གཙོ་བོ་དང་འཐབ་ཕྱོགས་དང་པོར་དམིགས་པ་དང་། དུས་ཚོད་དང་ཕན་འབྲས་ཁོང་དུ་ཆུད་པ། རིམས་ནད་ལ་འགོག་རྒོལ་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དང་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། བསམ་བློ་ཡོད་པ་དང་གདུང་སེམས་ཡོད་པ། མང་ཚོགས་དང་འབྲེལ་འདྲིས་བྱེད་པ་བཅས་ཀྱི་ལེ་ཚན་ཡག་པོ་སྒྲུབ་པ། ཡིད་ཆེས་བརྟན་པོ་དང་མི་སེམས་དྲོན་མོ། མི་སེམས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་བརྩམས་ཆོས་ཡག་པོ་གསར་རྩོམ་བཅས་བྱས་ཏེ། མི་བརྒྱ་སེམས་གཅིག་དང་ཀུན་སེམས་གཅིག་མཐུན། དཀའ་ངལ་མཉམ་སེལ་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་སྒོས་མངོན་པར་བྱེད་དགོས། སྤྱི་ཚོགས་ཀྱི་དོ་ཁུར་དང་མང་ཚོགས་ཀྱི་དོ་ཁུར་ལ་རྒྱུན་མཐུད་ངང་ཨ་ལན་སྟེར་དགོས། ཏང་དང་སྲིད་གཞུང་གིས་གང་ཞིག་ལ་དོ་ཁུར་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་གང་ཞིག་ལ་དོ་ཁུར་བྱེད་པར་གསར་འགྱུར་སྨྱན་སྦྱོར་གྱིས་དེར་དོ་ཁུར་བྱེད་དགོས། གཙོ་རྒྱུག་སྨྱན་བྱེད་ཀྱི་ཕྱོགས་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འཕེལ་རིམ་མཚོན་པ། སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཁྱབ་གདལ་ཤེས་བྱའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་པ། མང་ཚོགས་ཀྱིས་རིམས་ནད་ལ་ལྟ་སྟངས་ཡང་དག་འཛིན་རོགས་བྱེད་པ། དུས་ཐོག་ཏུ་དོགས་པ་སེལ་བ། སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཇེ་ཆེར་གཏོང་བ། འཇིགས་སྣང་གི་བསམ་པ་མེད་པར་བཟོ་བ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཐུབ་པ་དང་ཚོད་འཛིན་ཐུབ་པ། བཅོས་སྐྱོང་ཐུབ་པ་བཅས་བྱས་ན། ང་ཚོ་གཡུལ་འགྱེད་དེའི་རྒྱལ་ཁ་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན། དྲ་རྒྱའི་གླེང་ཕྱོགས་དོ་དམ་ཚོད་འཛིན་ལས་དོན་ལ་མུ་མཐུད་ཤུགས་སྣོན་དགོས། ཆ་འཕྲིན་ཡོངས་བསྒྲགས་ཇི་ཙམ་བྱས་ན་གླེང་ཕྱོགས་ཀྱི་ཁྲིད་སྟོན་དེ་ཙམ་གྱིས་ནུས་ལྡན་ཡོང་ཐུབ། དཀྲོག་གཏམ་ནི་རིམས་ནད་ཀྱི་འགོ་ཁུངས་ཡིན་པ་དང་། དོན་དངོས་ནི་དཀྲོག་གཏམ་གྱི“ཞིབ་འཐག་འཕྲུལ་འཁོར”ཡིན། དྲིལ་བསྒྲགས་ཀྱི་འཐབ་ས་བརྟན་སྲུང་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ། རང་དབང་ཆེ་རུ་གཏོང་བ། སྐད་ཆ་བཤད་དབང་དམ་དུ་འཛིན་པ་བཅས་བྱས་ནས། དྲང་ཕྱོགས་ཀྱི་ཆ་འཕྲིན་དག་དཀྲོག་གཏམ་ལས་རྣམ་པར་རྒྱལ་བར་བྱེད་པ། མང་ཚོགས་ལ་རྙོག་འཛིང་ཆེ་བའི་ཆ་འཕྲིན་ཁྲོད་ཡིན་མིན་གསལ་རྟོགས་དང་དམངས་སེམས་བརྟན་པོ་ཡོང་བར་བྱེད་དགོས། རིམས་ནད་སྐོར་གྱི་ཆ་འཕྲིན་སྤེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དྲིལ་བསྒྲགས་ལས་ཀ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་བྱེད་དགོས། རིམས་ནད་ཡལ་ངེས་པ་ཐག་ཆོད་ཡིན་པ་དང་། འཕེལ་རྒྱས་ནི་ཡུན་གཏན་གྱི་བརྗོད་བྱ་གཙོ་བོ་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། དེར་གཅིག་གྱུར་གྱི་འཆར་འགོད་ཡག་པོ་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། ཁྱོན་ཡོངས་ནས་འབྱོར་འབྲིང་བསྐྲུན་པར་ཕུ་ཐག་གཅོད་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་དམིགས་ཚད་ལས་འགན་ཡོངས་འགྲུབ་བྱེད་པ་སོགས་དྲིལ་བསྒྲགས་ལས་དོན་ཡག་པོར་སྤེལ་དགོས་པར་མ་ཟད། སྨྱན་བྱེད་མི་སྣའི་འགན་འཁྲི་དང་འགན་སྒྲུབ། བྱ་སྤྱོད་བཅས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཟེར།

ཡུས་ཚུང་ལི་དང་མཱ་ཅི་ཞའོ་གོང་གསལ་རྟོག་ཞིབ་ལ་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།