གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཉེ་ལམ། ཞོན་ཧྭ་རྫོང་རིམས་ནད་སྔོན་འགོག་བཀོད་འདོམས་པུའུ་དང་རྫོང་སྤྱི་བདེ་ཅུའུ་གཉིས་ཀྱིས་སྔ་རྗེས་སུ་བརྡ་སྦྱོར་སྤེལ་ནས། གནས་གཞན་ནས་ཕྱིར་ཕ་ཡུལ་དུ་ལོག་པའི་མི་སྣ་ལོགས་བཀར་བྱ་དགོས་པ་ལས་གཞན། རྫོང་ནང་ཁུལ་གྱི་རླངས་འཁོར་དང་མི་སྣ་འགྲོ་འོང་ལ་བདག་གཉེར་ཚོད་འཛིན་བྱེད་པ་སོགས་ཀྱི་ཕྱོགས་ནས་སྒྲིག་ལམ་གཏན་འབེབས་བྱས་ཡོད་པ་རེད། དེ་མིན་རང་དགར་མཉམ་འཛོམས་བྱས་མི་ཆོག་པ་དང་ལོགས་བཀར་བྱས་ཡོད་པའི་མིར་ཐུག་འཕྲད་བྱས་མི་ཆོག་པ་མ་ཟད། གྲོང་རྡལ་དང་ཡུལ་ཚོ། སྡེ་བ། སྡོད་ཁུལ་སོ་སོའི་འགྲོ་ལམ་གཙོ་བོ་དག་ཏུ་ལྟ་ཞིབ་ས་ཚིགས་བཙུགས་ཏེ། ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་གི་བྱ་བར་བརྩོན་བཞིན་ཡོད། འོན་ཀྱང་། རིམས་ནད་སྔོན་འགོག་བྱེད་པའི་གནད་འགག་གི་དུས་སྐབས་འདིར་མི་ལ་ལས་སྲིད་གཞུང་གིས་སྤེལ་བའི་བཀའ་རྒྱ་སོགས་སྣང་མེད་དུ་བཞག་སྟེ། རང་དགར་ལོགས་བཀར་བྱས་ཡོད་པའི་མིར་ཐུག་ཕྲད་བྱས་པས། སྤྱི་བདེ་ཅུའུ་ཡིས་རྩད་ཞིབ་བྱས།
རྩད་ཞིབ་བྱས་པ་བརྒྱུད། ཟླ2པའི་ཚེས7ཉིན་གྱི་དུས་ཚོད19དང་སྐར་མ30སྟེང། པེ་ཀྲོང་གྲོང་རྡལ་མིན་ཀྲུའུ་སྡེ་བའི་སྡེ་མི་ཧོ་ཆེ་གེ་མོ་སོགས་ཁྱིམ་མི(བྱིས་པ་གཉིས)བདུན་གྱིས་སྡེ་བའི་ལྟ་ཞིབ་ས་ཚིགས་ཀྱི་མི་སྣར་གཡོལ་ནས་རང་དགར་ཆིན་ཧྲེ་ཞང་ཏ་སི་ཀུའུ་སྡེ་བར་སོང་སྟེ། ལོགས་བཀར་བྱས་ཡོད་པའི་གཉེན་ཉེ་མཱ་ཆེ་གེ་མོ་ལ་ཐུག ཏ་སི་ཀུའུ་སྡེ་བའི་རིམས་འགོག་ལྟ་ཞིབ་ས་ཚིགས་ཀྱི་མི་སྣས་གནས་ཚུལ་དེ་ཤེས་ནས་བཟུང་རྗེས། རྫོང་སྤྱི་བདེ་ཅུའུ་ལ་ཡར་སྤྲོད་བྱས།
མིག་སྔར། རྫོང་སྤྱི་བདེ་ཅུའུ་ཡིས་ཧོ་ཆེ་གེ་མོ་སོགས་མི་ལྔ་ལ་རྩད་ཞིབ་བྱེད་སྒང་ཡིན།
གསར་འགོད་པ་ཐུབ་བསྟན་གྱིས་ཁྲང་ཡུན་དྲ་བ་ལས་བསྒྱུར།