གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཉེ་ཆར་རིམས་ནད་འགོག་སྲུང་གི་དགོས་མཁོར་གཞིགས་ཏེ། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་དང་རྫོང་སྤྱི་བདེ་ཅུའུ་ཡིས་སྔ་རྗེས་སུ《སྤྱི་བསྒྲགས》 སྤེལ་ནས་རིམས་ནད་འགོག་སྲུང་གི་དུས་སྐབས་ནང་འདུ་འཛོམས་བྱུང་བ་དང་། མཉམ་དུ་ཟ་མ་ཟ་བ། རྒྱན་སྐུག་སོགས་བྱེད་མི་ཆོག་པའི་བཀའ་རྒྱ་གསལ་བོར་བསྒྲགས་མོད། སྒྲིག་སྲོལ་མི་བརྩི་བའི་མི་སྐོར་ཞིག་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྣང་མེད་དུ་བཞག་ཅིང་མི་དམངས་སྲིད་གཞུང་གིས་སྤེལ་བའི་ཛ་དྲག་གི་གནས་ཚུལ་འོག་ཡོངས་བསྒྲགས་བྱས་པའི་གཏན་འབེབས་ལ་རྒྱབ་འགལ་གྱིས་མཱ་ཅང་བརྒྱབ་པར་བརྟེན་ཞོན་ཧྭ་རྫོང་སྤྱི་བདེ་ཅུའུ་ཡིས་བསྟུད་མར་རྒྱན་སྐུག་ཡུལ་དངོས་གཉིས་ནས་ཁྲིམས་འགལ་མི་སྣ14འཛིན་བཟུང་བྱས།
ཟླ2པའི་ཚེས5ཉིན་གྱི་ཕྱི་དྲོར། ཞོན་ཧྭ་རྫོང་སྤྱི་བདེ་ཅུའུ་ཅི་ཧྲི་གྲོང་རྡལ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཞོན་ཧྭ་རྫོང་མཁར་དུ་ཕ་ཡུལ་ལ་ལོག་མཁན་ལ་ཞིབ་བཤེར་བྱེད་སྐབས་ཁྱིམ་ཚང་ཞིག་ཏུ་མི་མང་པོ་འདུས་ཡོད་པ་ཤེས་ལ། འཕྲལ་མར་ཞིབ་བཤེར་བྱས་པ་བརྒྱུད་ཁྲིམས་འགལ་མི་སྣ་ཧན་ཆེ་གེ་མོ་སོགས་རྒྱན་སྐུག་བྱེད་བཞིན་པའི་མི6དུས་ལྟར་འཛིན་བཟུང་བྱས།
ཟླ2ཚེས7ཉིན་གྱི་དགོང་མོར། ཞོན་ཧྭ་རྫོང་སྤྱི་བདེ་ཅུའུ་བདེ་འཇགས་རུ་ཆེན་དང་ཅི་ཧྲི་གྲོང་རྡལ་མངག་གཏོང་ཁང་གིས་མཉམ་འབྲེལ་སྒོས་སྐོར་ཞིབ་བྱེད་སྐབས་ཅི་ཧྲི་གྲོང་རྡལ་ལྷོ་སྐོར་ལམ་གྱི་ཁྱིམ་ཚང་ཞིག་ན་མི་མང་པོ་འདུ་འཛོམས་བྱས་ཡོད་པ་ཤེས་རྟོགས་བྱུང་ཞིང་། དུས་ལྟར་ཞིབ་བཤེར་བྱས་པ་བརྒྱུད་མཱ་ཆེ་གེ་མོ་སོགས་མི7ཏིན་ཆེ་གེ་མོའི་ཁྱིམ་དུ་འཛོམས་ནས་རྒྱན་སྐུག་བཞིན་པ་འཛིན་བཟུང་བྱས།
མིག་སྔར། ཧན་ཆེ་གེ་མོ་སོགས་ཀྱིས་མི་དམངས་སྲིད་གཞུང་གིས་སྤེལ་བའི་ཛ་དྲག་གི་གནས་ཚུལ་འོག་ཡོངས་བསྒྲགས་བྱས་པའི་གཏན་འབེབས་ལ་རྒྱབ་འགལ་བྱས་པར་བརྟེན། རྫོང་སྤྱི་བདེ་ཅུའུ་ཡིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན50བའི་གཏན་འབེབས་གཞིར་བཟུང་ནས། ཧན་ཆེ་གེ་མོ་སོགས་མི10ལ་ཁྲིམས་ལྟར་སྒོར200ནས500བར་གྱི་ཆད་པ་བཅད་པ་དང་། ལིས་ཆེ་གེ་མོ་སོགས་མི4ལ་ཁྲིམས་ལྟར་བསླབ་བྱ་ནན་མོ་བཏང་།
གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བསྒྱུར།