དེ་རིང་ཕྱི་དྲོའི་ཆུ་ཚོད2དང་སྐར་མ26སྟེང་། བོད་ལྗོངས་ནས་ཏོག་གསར་གློ་ཚད་གཏན་འཁེལ་བྱས་པའི་ནད་པ་ཀྲང་ཆེ་གེ་མོ་དྲག་སྐྱེད་བྱུང་སྟེ་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཕྱིར་བུད་པ་རེད། བོད་རང་སྐྱོང་ལྗོངས་སྨན་ཁང་གསུམ་པའི་གློ་བའི་ཚན་ཁག་གཉིས་པའི་ཀྲུའུ་རིན་ནམ་སྐྱོབ་བཅོས་ཚོགས་ཆུང་གི་ཚོགས་གཙོ་ཧྭ་ཏེ་སྨི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ2པའི་ཚེས9ཉིན་ནད་དཔེར་ཞིབ་དཔྱད་ཚད་ལེན་ཐེངས་དང་པོ་བྱས་པའི་མཇུག་འབྲས་སྲིབས་གཤིས་ཡིན་པ་དང་། ཟླ2པའི་ཚེས11ཉིན་བསྐྱར་དུ་ཞིབ་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་སྔར་བཞིན་སྲིབས་གཤིས་ཡིན་པ་རེད། མིག་སྔརCTསོགས་ནད་ཐོག་སྨན་བཅོས་ཀྱི་དཔང་རྟགས་ནང་ནད་གཞི་དྲག་སྐྱེད་བྱུང་བ་དང་ནད་ཐོག་སྨན་བཅོས་ཚོགས་ཆུང་གིས་གྲོས་བསྡུར་བྱས་པ་དང་འབྲེལ་སྨན་ཁང་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་སྙན་སེང་ཡང་ཞུས་ཏེ། རང་སྐྱོང་ལྗོངས་དང་ཧྲང་ཧའེ། པེ་ཅིང་གི་ཆེད་མཁས་པས་དཔྱད་དཔོག་བྱས་རྗེས་ནད་དཔེ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་ཆོག་པའི་ཚད་གཞི་ལོན་ཡོད་པར་ངོས་འཛིན་བྱས།
ཀྲང་ཆེ་གེ་མོ་ཟླ1བོའི་ཚེས22ཉིན་ནས་ཚེས24ཉིན་བར་ཝུའུ་ཁྲང་ནས་མེ་འཁོར་ལ་བསྡད་དེ་ལྷ་ས་གྲོང་ཁྱེར་དུ་འབྱོར། ཟླ1བོའི་ཚེས25ཉིན་གྱི་དགོང་མོ་ཀྲང་ཆེ་གེ་མོ་བོད་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་གནས་སུ་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པར་བསྐྱོད་པ་དང་འབྲེལ་སྨན་ཁང་དུ་ལོགས་སུ་བཀར་ཏེ་ལྟ་ཞིབ་སྨན་བཅོས་དང་ལེན་བྱས་པ་རེད། ཟླ1བོའི་ཚེས29ཉིན། ཀྲང་ཆེ་གེ་མོར་ཏོག་གསར་གློ་ཚད་ཡོད་པ་གཏན་འཁེལ་བྱས་ནས་བོད་ལྗོངས་སུ་ཏོག་གསར་གློ་ཚད་གཏན་འཁེལ་བྱས་པའི་ནད་དཔེ་དང་པོར་གྱུར་ཡོད།ངོ་སྤྲོད་བྱས་པར་གཞིགས་ན། ཀྲང་ཆེ་གེ་མོ་དེ་རིང་ཕྱི་དྲོ་མེ་འཁོར་ལ་བསྡད་དེ་བོད་ལྗོངས་དང་ཁ་བྲལ་ནས་ཕྱིར་འགྲོ་རྒྱུ་ཡིན་པ་རེད།