གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས11ཉིན། སྐྱེ་དངོས་གླིང་ཁུལ་གྱི་ཁེ་ལས་ཏེ་མཚོ་སྔོན་ཅིན་ཀྲུའུ་བོད་སྨན་སྡེ་ཚོགས་ཀྱིས་ཉོས་པའིN95ཁ་རས་ཐོན་སྐྱེད་སྒྲིག་ཆས་ཟི་ལིང་དུ་འབྱོར་ཡོད་ལ་སྒྲིག་ཆས་བསྒྲིགས་ཚར་རྗེས་ཐོན་སྐྱེད་བྱེད་འགོ་བརྩམ་རྒྱུ་རེད། སྐབས་དེར་ཉིན་རེར་ཁ་རས་འབུམ་གཉིས་ཁྲི་ལྔ་ནས་འབུམ་ལྔའི་བར་ཐོན་སྐྱེད་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྨན་སྤྱོད་ཁ་རས་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།
ལོ་འདི་གའི་རིང་། མཚོ་སྔོན་གྱིས་དམིགས་བསལ་ཐོན་ཁུངས་ལ་བརྟེན་ནས་ཐོན་ཁུངས་ཀྱི་རིགས་དང་མ་བཅོས་རྒྱུ་ཆའི་རིགས་གཙོ་བོར་བྱས་པའི་བཟོ་ལས་མ་ལག་ཅིག་ཆགས་པ་ཡོད་པ་དང་། སྐྱེ་དངོས་དང་སྨན་རྫས་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ། ཐོན་རྫས་ཐོན་སྐྱེད་བྱེད་མཁན་ཀྱི་ཁེ་ལས་མང་པོ་མེད་པ། འགོག་སྲུང་གྱོན་ཆས་སོགས་འགོག་སྲུང་དངོས་རྫས་ཐོན་སྐྱེད་བྱེད་མཁན་ཀྱི་ཁེ་ལས་ཧ་ལམ་མེད་པ་བཅས་ལ་གཞིགས་ཏེ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན་གྱི་མཐུན་སྦྱོར་འོག་ཟླ2ཚེས11ཉིན་མཚོ་སྔོན་ཅིན་ཀྲུའུ་བོད་སྨན་སྡེ་ཚོགས་ཀྱིས་ཞིང་ཆེན་གཞན་ནས་ཉོས་པའིN95ཡི་ཁ་རས་ཐོན་སྐྱེད་དང་འགོག་སྲུང་མཁོ་ཆས་ཀྱི་སྒྲིག་ཆས་བདེ་བླག་ངང་ཟི་ལིང་དུ་འབྱོར།
རྒྱུས་ལོན་པ་ལྟར་ན། ཐེངས་འདིར་ཉོས་པའི་ཁ་རས་ཀྱི་ཐོན་སྐྱེད་སྒྲུབ་རིམ་བཞིའི་ནང་བྱིས་པའིN95ཁ་རས་ཀྱི་ཐོན་སྐྱེད་སྒྲུབ་རིམ་གཅིག་དང་དར་མའིN95ཁ་རས་ཀྱི་ཐོན་སྐྱེད་སྒྲུབ་རིམ་གཅིག སྨན་སྤྱོད་ཕྱི་བཅོས་ཚན་ཁག་གི་ཁ་རས་ཀྱི་ཐོན་སྐྱེད་སྒྲུབ་རིམ་གཉིས་བཅས་ཡོད་ལ། སྔོན་དཔག་བྱས་པ་ལྟར་ན་ཉིན་རེར་ཁ་རས་འབུམ་གཉིས་ནས་འབུམ་ལྔའི་གཡས་གཡོན་ཐོན་སྐྱེད་བྱ་ཐུབ་རྒྱུ་ཡིན་པ་རེད། མིག་སྔར་ཁ་རས་ཐོན་སྐྱེད་འཁོར་ཁང་གི་བཟོ་ཁང་སྒྱུར་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་སྔོན་དཔག་བྱས་ན་ཟླ2པའི་ཚེས17ཉིན་སྤྱིར་བཏང་གི་འགོག་སྲུང་རིམ་པའི་ཁ་རས་བཟོ་རྒྱུར་ཚོད་ལྟ་བྱས་ཆོག་པ་རེད།
གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བསྒྱུར།