ཡན་ཅིན་ཧེ་ཡིས་ཁྲི་ཀ་རྫོང་དང་གཅན་ཚ་རྫོང་དུ་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས།
2020.02.13 ཁུངས། ཀློག་གྲངས། 40

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གི་བྱ་བའི་རེ་བ་ལྟར་དུ། ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སོང་ནས་ཞིང་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་ནད་འགོག་བཅོས། སྡེ་སྡོད་བྱ་བའི་རུ་ཁག་གི་བྱ་བ། དཔྱིད་ཀའི་ཞིང་ཕྱུགས་ལས་ཐོན་སྐྱེད་སོགས་ཀྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཡན་ཅིན་ཧེ་ཡིས་བསྟན་དོན། དེང་སྐབས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་གི་དུས་སྐབས་ཡིན་ལ། རྨོ་འདེབས་ཐོན་སྐྱེད་ཀྱི་དུས་བཟང་ཡིན་པས། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་ལས་ཐོན་སྐྱེད་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ནས། གཉིས་ཀ་དམ་འཛིན་དང་གཉིས་ཀ་མ་འཆོར་བ། གཉིས་ཀར་ཡར་སྐུལ་བཅས་བྱེད་དགོས། སྡེ་སྡོད་བྱ་བའི་རུ་ཁག་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ནུས་པ་ལེགས་པར་བཏོན་ནས། རིམས་ནད་སྔོག་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ་དང་། རྨོ་འདེབས་གྲ་སྒྲིག་གི་བྱ་བ་དམ་འཛིན་བཟང་བོ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་ཞན་ཆ་བཟང་བོར་གསབ་དགོས། ཞིང་ལས་ཞིང་སྡེ་དང་མཁོ་སྤྲོད་མཉམ་ལས་ཁང་སོགས་སྡེ་ཁག་གིས་གཅིག་གྱུར་མཉམ་ལས་དང་རང་འགུལ་གྱིས་འབད་བརྩོན་བྱེད་དགོས་ལ། ལྷག་པར་དུ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ལ་དམིགས་ཏེ། ཁ་གཏད་རང་བཞིན་ལྡན་པར་ཞིང་ལས་ཐོན་རྫས་ཀྱི་བཀོད་སྒྲིག་སྐྱེལ་འདྲེན་ལ་ཤུགས་སྣོན་པ་དང་། ཞིང་ལས་འཕྲུལ་ཆས་གྲ་སྒྲིག་བཟང་བོ་བྱེད་པ། ལག་རྩལ་ཞབས་ཞུའི་མཛུབ་སྟོན་བྱེད་པ། རྨོ་འདེབས་ཐོན་སྐྱེད་ཀྱི་དགོས་མཁོར་འགན་སྲུང་བྱེད་པ་བཅས་བྱས་ཏེ། འབྱོར་འབྲིང་གི་ལོར་ཞིང་ལས་ལ་ལོ་ལེགས་སྨིན་པར་ཁག་ཐེག་བྱེད་དགོས་ཟེར།


ཕྱུག་ལོས་བསྒྱུར།