ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིམས་ནད་ཚོད་འཛིན་དང་འགོག་བཅོས་བྱ་བའི་མཛུབ་སྟོན་ཚན་ཆུང་ཉེར་བརྒྱད་པའི་ཟི་ལིང་གི་འདུག་ས་རུ་སོང་ནས། མཛུབ་སྟོན་ཚན་ཆུང་གི་བློ་མཐུན་ཚོར་འཚམས་འདྲི་བྱས་པར་མ་ཟད་ཁོ་ཚོ་དང་བཞུགས་མོལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་ཚོད་འཛིན་དང་འགོག་བཅོས་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་ངོ་སྤྲོད་མདོར་བསྡུས་བྱས་པ་དང་། མཛུབ་སྟོན་ཚན་ཆུང་གི་བསམ་འཆར་ལ་ཉན་པར་མ་ཟད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཛུབ་སྟོན་ཚན་ཆུང་ལ་བཀའ་དྲིན་ཞུས།
བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཛུབ་སྟོན་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་དུས་རིམ་སྔོན་མའི་རིམས་ནད་ཚོད་འཛིན་དང་འགོག་བཅོས་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། གོ་རིམ་རྗེས་མའི་ཚོད་འཛིན་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བསམ་འཆར་བཏོན། མཛུབ་སྟོན་ཚན་ཆུང་གིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔ་མོ་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་མྱུར་དུ་འགུལ་སྐྱོད་དང་བྱེད་ཐབས་བཟང་བོ་སྤྱད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། མྱུར་དུ་ཐོབ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་རིམ་པ་དང་པོའི་ཁ་གཏད་འཇལ་ཐབས་ལག་བསྟར་བྱས་ལ། བཀོད་སྒྲིག་བཟང་བོ་བྱས་པ་དང་། མཉམ་འགོག་མཉམ་འཛིན་དང་མཉམ་འགོག་མཉམ་བཅོས་བྱས་པ་མ་ཟད། ཕྱིའི་ནད་དུག་ཁྱེར་བའི་ནད་པ་རང་ཞིང་དུ་ཡོང་བར་བཀག་འགོག་བྱས་པ་དང་ཞིང་ཆེན་ནང་ཁུལ་དུ་རིམས་ནད་མཆེད་པར་བཀག་འགོག་བྱས་པས། ཞིང་ཆེན་ཡོངས་སུ་བསྟུད་མར་ཉིན་དྲུག་ལ་གཏན་ཁེལ་བྱས་པའི་ནད་པ་དང་དོགས་ཡོད་ནད་པ་གཅིག་ཀྱང་མ་བྱུང་ལ། གཏན་ཁེལ་བྱས་པའི་ནད་པ་བཅོ་བརྒྱད་ལས་ནད་པ་དགུ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་པ་དང་། རིམས་ནད་ཚོད་འཛིན་དང་འགོག་བཅོས་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། དེ་དང་མཉམ་དུ། ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཧུའུ་པེ་ཝུའུ་ཧན་གྱི་ནད་བརྟག་སྨན་བཅོས་ཐད་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་གྱི་བྱས་རྗེས་བཞག དུས་རིམ་རྗེས་མར། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར། རིམས་ནད་ཚོད་འཛིན་དང་འགོག་བཅོས་ཀྱི་དུས་རིམ་གསར་བ་དང་གནས་བབ་གསར་བའི་རེ་བར་རྐང་བཙུགས་ནས། འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ་དང་བྱེད་ཐབས་ཇེ་བཟང་དུ་གཏོང་བ། སྤྱི་ཐུན་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣའི་ཚོད་འཛིན་དང་འགོག་བཅོས་ཐད་ཤུགས་བསྣན་ནས། ཐོན་སྐྱེད་སླར་གསོ་དང་ལས་འགོ་རྩོམ་པའི་ཁེ་ལས་དང་ལས་གཞིའི་ལས་བྱེད་མི་སྣའི་ཚན་རིག་དང་མཐུན་པའི་ཚོད་འཛིན་འགོག་བཅོས་དང་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས། མཛུབ་སྟོན་ཚན་ཆུང་གིས་མུ་མཐུད་དུ་ཚང་མ་དང་མཉམ་དུ་འབད་འཐབ་བྱས་ཏེ། རིམས་ནད་ཚོད་འཛིན་དང་འགོག་བཅོས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་རྒྱུ་ཡིན་ཟེར།
ལིག་ཉིང་གིས་བཤད་རྒྱུར། མཛུབ་སྟོན་ཚན་ཆུང་གི་བློ་མཐུན་ཚོས་དཀའ་ངལ་ལ་མ་འཛེམ་པར་གཞི་རིམ་དང་རིམས་ནད་འགོག་བཅོས་ཀྱི་ཡུལ་དངོས་སུ་སོང་ནས། རྟོག་ཞིབ་དང་མཛུབ་སྟོན། རྒྱབ་སྐྱོར་བྱས་ནས། མཚོ་སྔོན་གྱིས་རིམས་ནད་ཚོད་འཛིན་དང་འགོག་བཅོས་ཀྱི་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པའི་ཐད་སྙིང་སྟོབས་དང་ལག་རྩལ་གྱི་མཛུབ་སྟོན་དང་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་མ་ཟད། བྱ་བའི་སྤྱོད་ཚུལ་དང་བྱ་བའི་བྱེད་ཐབས་སྟེང་མིག་དཔེ་བསྟན་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་ཚོད་འཛིན་དང་འགོག་བཅོས་བྱ་བ་ཁྲིམས་ལྟར་དང་ཚན་རིག་དང་མཐུན་པ། གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་བ་དང་། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཐོག་མའི་བསམ་འདུན་འགན་འཁྲི་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བརྩེ་སེམས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་སེམས་ཁོང་དུ་བསྐྱལ། མིག་སྔར། ཁེ་ལས་དང་ལས་ཁུངས་ཀྱིས་བསྟུད་མར་ལས་འགོ་བརྩམས་པ་དང་བསྟུན་ནས། མི་སྣའི་འགྲོ་འོང་ཇེ་མང་དུ་སོང་བ་དང་། དེས་ཞིང་ཆེན་ཡོངས་ཀྱི་རིམས་ནད་ཚོད་འཛིན་འགོག་བཅོས་དང་ཐོན་སྐྱེད་འཕེལ་རྒྱས་ཐད་འགྲན་རྩོད་གསར་བ་དང་རེ་བ་གསར་བ་བཏོན་ལ། ང་ཚོས་དུས་རིམ་སྔོན་མའི་བྱ་བའི་རྨང་གཞིའི་སྟེང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། མཛུབ་སྟོན་ཚན་ཆུང་གི་རེ་བ་ལག་བསྟར་ཟབ་མོ་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ངལ་མཉམ་སེལ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་བྱེད་པ། སྲིད་ཇུས་གནད་ལ་འཁེལ་བར་སྤྱོད་པ། ཡིད་ཆེས་སྔར་ལས་བརྟན་པོ་དང་བློ་རྩ་སྔར་ལས་བརྟན་པོ། བྱེད་ཐབས་སྔར་ལས་བཟང་བོ་སྤྱད་དེ། རིམས་ནད་ཚོད་འཛིན་དང་འགོག་བཅོས་ཀྱི་བྱ་བ་སྣ་ཚོགས་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། མུ་མཐུད་དུ་ཧུའུ་པེ་ལ་རྒྱབ་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ། ཁེ་ལས་ཀྱི་ལས་གཞི་ཡང་བསྐྱར་ལག་བསྟར་བྱེད་འགོ་རྩོམ་པར་སྐུལ་འདེད་གཏོང་བ། རིམས་ནད་ཚོད་འཛིན་དང་འགོག་བཅོས་ཀྱི་མི་དམངས་ཀྱི་གཡུལ་འགྱེད་དང་སྤྱིའི་གཡུལ་འགྱེད། འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།