གངས་ལྗོངས་མེ་ལོངས་དྲ་བའི་འཕྲིན། དེ་རིང་སྔ་དྲོའི་ཆུ་ཚོད10དང་སྐར་མ30སྟེང་། མཚོ་སྔོན་གྱིས་ཧུའུ་པེ་ལ་ཞལ་འདེབས་སུ་ཕུལ་བའི་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་མཛད་སྒོ་མཚོ་ཤར་མྱུར་ལམ་རིན་བསྡུ་ས་ཚིགས་ནས་སྤེལ། སྐྱེལ་འདྲེན་རླངས་འཁོར་བཅུ་དགུའི་ནང་དུ་སྒོར་ཁྲི1226.96རིན་གྱི་ཞལ་འདེབས་དངོས་ཟོག་བརྩིགས་ནས་དེ་བུའུ་ཧན་གྲོང་ཁྱེར་དུ་ཆས་ཤིང་། དེར་ལས་ཁུངས་དག་གིས་ཞལ་འདེབས་སུ་ཕུལ་བའི་སྒོར་ཁྲི270.7དང་། ཉོ་སྒྲུབ་བྱས་པའི་དངོས་ཟོག་སྒོར་ཁྲི956.26རིན་ཡོད་ལ། དངོས་ཟོག་ནང་དུ་ཤ་སྐམ་དང་ཞོ། དབྱར་རྩྭ་དགུན་འབུ། དུག་སེལ་གཤེར་ཁུ། ནད་དུག་སྔོན་འགོག་ལྭ་བ་སོགས་སྨན་བཅོས་མཁོ་ཆས་བཅས་འདུས་ཡོད། སྐྱེལ་འདྲེན་རླངས་འཁོར་གཅིག་རེར་ཁ་ལོ་བ་གཉིས་རེ་བཀོད་སྒྲིག་བྱས་ཏེ་ཉིན་མཚན་དབྱེར་མེད་དུ་ཧུའུ་པེ་བུའུ་ཧན་ཕྱོགས་སུ་བསྐྱོད་བཞིན་ཡོད་པས། སྔོན་དཔག་བྱས་པ་ལྟར་ན་སང་ཉིན་ཡུལ་དངོས་སུ་འབྱོར་ཐུབ་པ་རེད།
མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་བང་ཞིན་པིན་གྱིས་བཤད་རྒྱུར། ཐེངས་འདིའི་ཞལ་འདེབས་དངོས་ཟོག་ཁྲོད་དུ་ཡུལ་ཤུལ་ཁུལ་གྱི་རྫོང་དྲུག་གི་འབྲོག་པ་མང་ཚོགས་ཀྱིས་སྒོར་ཁྲི187ལྷག་གི་རིན་ཐང་ཡོད་པའི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ་ཡོད་ལ། ཁོ་ཚོས་བཤད་རྒྱུར། 2010ལོའི་ཡུལ་ཤུལ་ས་འགུལ་གྱི་དུས་སྐབས་སུ་རྒྱལ་ཡོངས་མི་དམངས་ཀྱིས་ང་ཚོར་རོགས་རམ་དང་བརྩེ་སེམས་ཕུལ་མྱོང་བས། ཐེངས་འདིར་ང་ཚོས་ཀྱང་བརྩེ་སེམས་འདི་བུའུ་ཧན་ས་ཆར་ཕུལ་བ་ཡིན་ཟེར།
གསར་འགོད་པ་ཐུབ་བསྟན་རྡོ་རྗེ་ཡིས་ཁྲང་ཡུན་དྲ་བ་ལས་བསྒྱུར།