གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས12ཉིན། མི་དམངས་དྲ་བས་ཟི་ལིང་གི་སྒོ་ཁྲལ་ལས་ཁུངས་ལས་ཤེས་གསལ་བྱུང་བ་ལྟར་ན། རིམས་འགོག་དངོས་ཟོག་སྐོར་ཞིག་ཁཱ་ན་སྒྲ་ནས་བདེ་བླག་ངང་ཟི་ལིང་དུ་འབྱོར་ཡོད་ལ། འདི་ནི་ཟི་ལིང་གི་ཚའོ་ཅ་ཕུའུ་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་ནས་རྒྱལ་སྤྱིའི་གནམ་གྲུ་གཏོང་མཚམས་བཞག་པ་ནས་བཟུང་། ཟི་ལིང་གི་སྒོ་ཁྲལ་ལས་ཁུངས་ཀྱིས་འགྲོ་ལུགས་ལྟར་ནང་འདྲེན་བྱས་པའི་རིམས་འགོག་དངོས་ཟོག་སྐོར་དང་པོ་ཡིན་ཞིང་། དངོས་ཟོག་འདི་དག་མཚོ་སྔོན་གྱི་རིམས་འགོག་བྱ་བའི་ཐད་ལ་སྤྱོད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། རིམས་འགོག་དངོས་ཟོག་འདི་དག་ནི་ཁཱ་ན་སྒྲ་ན་ཡོད་པའི་མཚོ་སྔོན་གྱི་ཡུལ་གྲོགས་ཚོགས་པས་གནང་སྦྱིན་བྱས་པ་ཡིན་ལ། དེ་དག་བཀོལ་མཁན་གྱི་ལས་ཁུངས་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་རེད། རིམས་འགོག་དངོས་ཟོག་དེ་དག་གི་ཁྲོད་དུ་ཐེངས་གཅིག་ཅན་གྱི་ཁ་ཐུམ་སྒམ73(ཁ་ཐུམ5500)དང་འགོག་སྲུང་ལྭ་བ་ཉིས་བརྒྱ། གཞན་ད་དུང་དུག་སེལ་ལག་ཕྱིས་དང་ལག་འབོབ་སོགས་དངོས་ཟོག་མང་པོ་ཡོད།
ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱི་ཁོངས་གཏོགས་ལས་ཁུངས་ནུབ་མཚོ་སྒོ་ཁྲལ་ལས་ཁུངས་ཀྱི་འགོ་གཙོ་གཞོན་པ་ཧུང་ཡུན་ཧྲིན་གྱིས་བཤད་རྒྱུར། རིམས་འགོག་དངོས་ཟོག་འདི་དག་ནི་གཞི་གཅིག་ཅན་གྱི་རྣམ་པས་ནུབ་མཚོ་སྒོ་ཁྲལ་ལས་ཁུངས་ལ་སྤྲོད་པའི་འགྲོ་ལུགས་བསྒྲུབས་ཤིང། སྒོ་ཁྲལ་སྤྱི་ཁྱབ་ལས་ཁུངས་དང་ཟི་ལིང་སྒོ་ཁྲལ་ལས་ཁུངས་གཉིས་ཀྱིས་རིམས་འགོག་དངོས་ཟོག་ནང་འདྲེན་བྱེད་པའི་འགྲོ་ལུགས་ཀྱི་བླང་བྱ་ལྟར་ལས་རིམ་བསྒྲུབས་པ་ཡིན་ཟེར།
རྒྱུས་ལོན་བྱས་ནས་ཤེས་གསལ་བྱུང་བ་ལྟར་ན། ཏོག་གསར་གློ་ཚད་ཀྱི་རིམས་འགོག་བྱ་བ་ལེགས་པོར་བསྒྲུབ་ཆེད། ནང་འདྲེན་གྱི་སྨན་རྫས་དང་དུག་སེལ་དངོས་རྫས། འགོག་སྲུང་དངོས་རྫས། སྐྱོབ་བཅོས་ཡོ་བྱད་སོགས་འགོག་སྲུང་ཚོད་འཛིན་ལ་སྤྱོད་པའི་དངོས་རྫས་དག་མྱུར་དུ་འགག་སྒོ་ལས་བརྒྱུད་ཐུབ་པར་འགན་ལེན་བྱ་དགོས་པ་རེད། ཟི་ལིང་གྲོང་ཁྱེར་སྒོ་ཁྲལ་ལས་ཁུངས་ཀྱིས«ཟི་ལིང་སྒོ་ཁྲལ་ལས་ཁུངས་ཀྱིས་ཏོག་གསར་གློ་ཚད་རིམས་འགོག་གི་གནང་སྦྱིན་དངོས་ཟོག་མྱུར་དུ་འགག་སྒོ་ལས་བརྒྱུད་པར་འགན་ལེན་བྱེད་པའི་སྐོར་གྱི་སྤྱི་བསྒྲགས»སྒྲོག་སྤེལ་བྱས་པ་དང་། ཚའོ་ཅ་ཕུའུ་གནམ་གྲུ་འབབ་ཐང་གི་སྒོ་ཁྲལ་ལས་ཁུངས་དང་ནུབ་མཚོ་སྒོ་ཁྲལ་ལས་ཁུངས་གཉིས་ཀྱིས་འགོག་སྲུང་ཚོད་འཛིན་དུ་སྤྱོད་པའི་དངོས་ཟོག་དག་མྱུར་དུ་འགག་སྒོ་ལས་བརྒྱུད་ཆེད་བདག་སྤྲོད་བྱེད་ས་དང་འགྲོ་ལམ་གཉིས་དམིགས་སུ་བཀར་ནས། དུས་ཐོག་ཏུ་འགྲོ་ལུགས་བསྒྲུབ་ཆོག་པར་བྱས་ཡོད།
གསར་འགོད་པ་ཐུབ་བསྟན་གྱིས་ཁྲང་ཡུན་དྲ་བ་ལས་བསྒྱུར།