མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་རྣམ་གཉིས་ཀྱིས་མཚོ་སྔོན་གྱི་ཧུའུ་པེའི་སྨན་བཅོས་རོགས་སྐྱོར་རུ་ཁག་གི་བློ་མཐུན་རྣམས་ལ་བཏང་བའི་འཚམས་འདྲིའི་ཡི་གེ
2020.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

མཚོ་སྔོན་གྱི་ཧུའུ་པེའི་སྨན་བཅོས་རོགས་སྐྱོར་རུ་ཁག་གི་བློ་མཐུན་རྣམ་པ།

ཚང་མས་དཀའ་ལས་མྱངས་སོང་།

མིག་རྡེབ་དབང་ཙམ་གྱི་ཡུན་ལ་ཁྱོད་ཚོ་ཧུའུ་པེ་ལ་སོང་ནས་ཉིན་བཅུ་ལྷག་འགོར། ཉིན་བཅུའི་སྔོན་ལ་ཁྱོད་ཚོར་ཕེབས་སྐྱེལ་ཞུ་བའི་རྣམ་པ་ད་དུང་ངའི་མིག་ལམ་ན་གསལ་བོ་རེད། ཉིན་བཅུ་ལྷག་ཙམ་གྱི་རིང་ཁྱོད་ཚོའི་ནང་མིས་ཁྱེད་ཚོར་སེམས་ཁྲལ་བྱེད་ཀྱིན་ཡོད་པ་དང་། ཕ་ཡུལ་མི་དམངས་ཀྱིས་ཁྱོད་ཚོར་སེམས་ཁྲལ་བྱེད་ཀྱིན་ཡོད་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྱང་ཁྱོད་ཚོར་སེམས་ཁྲལ་བྱེད་ཀྱིན་ཡོད། ཉིན་ལྟར་ང་ཚོས་བརྙན་འཕྲིན་དང་ཚགས་པར་གྱི་ལམ་ནས་ཁྱོད་ཚོའི་བྲེལ་འཚུབ་ཁྲོད་ཀྱི་བརྩོན་སེམས་ཆེ་བའི་གཟུགས་བརྙན་མཐོང་ཐུབ། འགོག་སྲུང་གི་དགོས་མཁོའི་དབང་གིས་ང་ཚོས་དངོས་སུ་ཁྱོད་ཚོའི་གཅེས་སུ་འོས་པའི་ངོ་གདོང་མཐོང་མི་ཐུབ་མོད། ཁྱོད་ཚོའི་རང་རྒྱུད་ན་མངའ་བའི་སྨན་པའི་བྱམས་སེམས་དང་ལྷ་རྗེ་ཡི་བརྩེ་སེམས་ཆེན་པོ་ཚོར་ཐུབ།

ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན། ཕྱོགས་བཞིས་རོགས་སྐྱོར་བྱེད་ཅེས་པ་ལྟར། མེས་རྒྱལ་ལ་དགོས་མཁོ་ཆེ་ཤོས་ཀྱི་སྐབས་སུ་ཁྱོད་ཚོས་རང་ཉིད་ཀྱི་ཁྱིམ་ཚང་ཆུང་ངུ་དོར་ནས་གཅེས་སེམས་ཆེན་པོ་བཅངས་ཏེ། རིམས་ནད་སྔོན་འགོག་བྱ་རྒྱུ་ནི་བཀའ་རྒྱ་དང་ཚོད་འཛིན་བྱ་རྒྱུ་དེ་འགན་འཁྲི་ཞིག་ཏུ་བརྩིས་ནས།  མིག་ཆུ་ཤོར་བཞིན་ལོ་ན་བགྲེས་པའི་ཕ་མ་དང་ལོ་ན་ཕྲ་བའི་བུ་ཕྲུག་རྣམས་དོར་ནས། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རིམས་ནད་ལ་འགོག་རྒོལ་དང་ནད་པར་སྐྱོབ་བཅོས་བྱེད་པའི་འཐབ་ས་དང་པོར་བསྐྱོད་དེ། ས་ཆ་སོ་སོའི་སྨན་བཅོས་དཔུང་ཆེན་དང་མཉམ་དུ། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་འགོག་བྱ་བར་ཤུགས་སྣོན་བརྒྱབ་པ་རེད། ཁྱོད་ཚོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས། ཚེ་སྲོག་ལ་སྐྱབས་སྦྱིན་དང་སྲོག་སྐྱོབ་རྨས་སྐྱོར། བྱས་རྗེས་འཇོག་འདོད་པ། བརྩེ་སེམས་ཆེན་པོར་མུ་མཐའ་མེད་བཅས་ཀྱི་ལས་རིགས་སྙིང་སྟོབས་ལག་ལེན་དུ་བསྟར་བ་དང་། ལང་ཚོ་དང་ཚེ་སྲོག་ལ་བརྟེན་ནས་དུས་རབས་གསར་པའི་སྨན་བཅོས་ལས་དོན་གྱི་ཆེས་ངོ་མཚར་ཆེ་བའི་ལེའུ་བརྩམས་ཡོད། ཁྱོད་ཚོ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་མིག་དཔེ་གསོན་པོ་ཡིན་ཞིང་། མཚོ་སྔོན་ལ་བུ་ཕྲུག་བཟང་པོ་ཁྱོད་ཚོ་ལྟ་བུ་ཡོད་པས་ང་ཚོར་ང་རྒྱལ་སྐྱེས་འོས་པའི་སྤོབས་པ་བསྩལ་བྱུང་། ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། ཁྱེད་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུ་བ་ཡིན།

མིག་སྔར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྣམ་པ་སྔར་བཞིན་ཛ་དྲག་རྙོག་འཛིང་ལྡན་པས། ང་ཚོའི་ཕྲག་སྟེང་དུ་བབས་པའི་འགན་ཁུར་སྔར་ལས་ལྕི་བར་མ་ཟད། ཁྱོད་ཚོར་འཕྲད་ཀྱིན་པའི་འགྲན་རྩོད་ཀྱང་སྔར་བཞིན་སྣ་མང་ཡིན། ཐེངས་འདིའི་ཉམས་སད་ཆེན་པོ་བརྒྱུད་དེ་གཞི་ནས་ཁྱོད་ཚོ་སྔར་ལས་བརྟན་པོ་དང་སྔར་ལས་ཡིད་ཆེས་ཀྱིས་བརྟས་པ། སྔར་ལས་བློ་ཁོག་ཡངས་པ་ཞིག་ཏུ་འགྱུར་བར་ཐེ་ཚོམ་མེད། ཁྱོད་ཚོའི་ཁྱིམ་མི་ཐོག་མཐའ་བར་གསུམ་ཀུན་ཏུ་ཁྱོད་ཚོ་དང་ལྷན་དུ་གནས་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱང་ཁྱོད་ཚོ་དང་མཉམ་དུ་གནས་ཡོད་པར་མ་ཟད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ཡང་ཐོག་མཐའ་བར་གསུམ་ཀུན་ཏུ་ཁྱོད་ཚོ་དང་ལྷན་དུ་གནས་ཡོད། རིམས་ནད་ཀྱི་མདུན་དུ་ཀྲུང་གོ་མི་དམངས་དང་མཐོ་སྒང་གི་བུ་དང་བུ་མོའི་དཔའ་མི་ཞུམ་པ་ནང་བཞིན། གོས་དཀར་གྱོན་པའི་ལྷ་རྗེ་རྣམས་དེ་ལས་ཀྱང་ཞུམ་པ་མེད། ཁྱོད་ཚོས་གཡུལ་སའི་མདུན་ངོས་ནས་འབད་འཐབ་བྱས་ན། ང་ཚོས་གཡུལ་སའི་རྒྱབ་ཕྱོགས་ནས་བརྟན་སྲུང་བྱེད་ངེས་ཡིན། ཁྱོད་ཚོའི་ཕ་མ་བུ་ཕྲུག་རྣམས་ང་ཚོའི་ཕ་མ་བུ་ཕྲུག་ཡིན་པས། ང་ཚོས་ཤུགས་གང་ཡོད་བཏོན་ནས་ཁོ་ཚོར་གཅེས་སྐྱོང་བྱེད་ངེས་པར་མ་ཟད། ཁྱོད་ཚོར་འགན་སྲུང་དང་རྒྱབ་སྐྱོར་གང་ལེགས་བྱེད་ངེས་ཡིན། ཁྱོད་ཚོས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཤིང་། བདེ་འཇགས་དང་སེམས་པ་ལྷོད་པོ། བརྟན་འཇགས་བཅས་ཀྱི་སྒོ་ནས་རང་འཁྲིའི་ལས་ཀ་གཉེར་དགོས།

དཔྱིད་ཀ་སླེབས་བྱུང་བས། རིམས་ནད་ཡལ་ངེས་པ་ཁོ་ཐག་ཡིན།  ང་ཚོས་ལག་གདང་སྦྲེལ་ནས་ཡིད་ཆེས་བརྟན་པོ་དང་ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཁེལ་ཇུས་འདོན་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་འབད་འཐབ་ལྷོད་མེད་བྱས་མཐར། སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་སྒོས་བརྩོན་ལེན་བྱེད་དགོས།

ཁྱོད་ཚོ་རིམས་ནད་འགོག་རྒོལ་གྱི་དམག་འཐབ་འདི་ལས་སྔ་མོ་ནས་རྣམ་པར་རྒྱལ་ཏེ། མགྱོགས་མོར་ཕྱིར་རང་ཡུལ་དུ་ལོག་པར་རེ་ལྟོས་བྱས་ཡོད།


ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིག་ཉིང་གིས། 

2020ལོའི་ཟླ2ཚེས13ཉིན་ཕུལ།