ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་པེ་ཅིན་མེ་འཁོར་ས་ཚིགས་ནུབ་མར་ཕེབས་ཏེ་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་ལོག་པ་དང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་མཛད།
ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་པེ་ཅིན་མེ་འཁོར་ས་ཚིགས་ནུབ་མར་ཕེབས་ནས་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་ལོག་པ་དང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འབྲེལ་མཉམ་འཛིན་རྐྱེན་སྲོལ་གྱི་བཀོད་སྒྲིག་ལྟར། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་མི་སྣ་དུས་ཀྱི་སྔ་ཕྱི་བགོས་ཏེ་ཕྱིར་ལོག་པ་མངོན་འགྱུར་བྱེད་པ། ཚད་ཆེས་མཐོ་བའི་སྒོ་ནས་མི་སྣ་འགྲོ་འོང་ལས་འབྱུང་བའི་རིམས་ནད་མཆེད་པའི་ཉེན་ཁ་ཇེ་ཆུང་དུ་བཏང་སྟེ། ཕན་ནུས་ཡོད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།
ལིས་ཁི་ཆང་གིས་མེ་འཁོར་ནས་མར་བབས་པའི་འགྲུལ་བའི་ལུས་ཕུང་གནས་ཚུལ་དང་རླངས་འཁོར་སྟེང་གི་འགོག་སྲུང་བྱེད་ཐབས་སོགས་ཐད་ནས་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ཕྱིར་ལོག་དུས་ད་དུང་མུ་མཐུད་དུ་འགོག་སྲུང་བཟང་བོ་བྱེད་རྒྱུའི་མངག་བཅོལ་བྱས། ལིས་ཁི་ཆང་གིས་ད་དུང་དྲོད་འཇལ་སྒྲིག་ཆས་བཀོལ་སྤྱོད་གནས་ཚུལ་ལ་བལྟས་རྗེས། ལྕགས་ལམ་ལས་ཁུངས་ཀྱིས་འགྲུལ་བ་རླངས་འཁོར་དུ་འདུག་སྐབས་དང་ལམ་བར། རླངས་འཁོར་ནས་ཕྱིར་འབུད་དུས་ལུས་དྲོད་འཇལ་བ་དང་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་པའི་ཐད་ནས་ཁས་ལེན་གང་ལེགས་བྱས།
ལིས་ཁི་ཆང་པེ་ཅིན་མེ་འཁོར་ས་ཚིགས་ནུབ་མའི་བཀོད་གཏོང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས། རྒྱལ་ཡོངས་ལྕགས་ལམ་གྱིས་དུས་བསྣོལ་བཀོད་གཏོང་དང་མ་འོངས་པའི་འགྲུལ་བའི་འགྲོ་འོང་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱས། འགན་ཁུར་མི་སྣས་རྒྱལ་ཁབ་ཀྱིས་གུང་གསེང་གི་དུས་ཚོད་ཇེ་རིང་དུ་བཏང་བ་དང་ཐོན་སྐྱེད་སླར་གསོ་ཐད་ཀྱི་བཀོད་སྒྲིག དུས་བསྣོལ་ཕྱིར་བགྲོད་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་དང་། ལྕགས་ལམ་ལས་ཁུངས་ཀྱིས་ཀྱང་བྱེད་ཐབས་སྤྱད་དེ། ལོ་སར་གྱི་རྗེས་སུ་མི་མང་འདུས་ནས་ཕྱིར་བགྲོད་པར་ཚོད་འཛིན་བྱས་པ་མ་ཟད། མི་སྣའི་འགྲོ་འོང་དང་དངོས་ཟོག་སྐྱེལ་འདྲེན་བཟང་བོ་བྱེད་ཐུབ་པར་འགན་སྲུང་བྱས་ཡོད་ཟེར། འགྲིམ་འགྲུལ་དང་དམངས་སྤྱོད་མཁའ་འགྲུལ་སྡེ་ཁག་གི་འགན་ཁུར་མི་སྣས་གཞུང་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་གནས་ཚུལ་ཡང་ལྕགས་ལམ་དང་གཅིག་འདྲ་ཡིན་ཟེར། ཚང་མས་ལག་བསྟར་བྱས་པའི་འགྲིམ་འགྲུལ་དུས་བསྣོལ་བྱེད་ཐབས་ཀྱིས་མི་སྣ་མང་པོ་མཉམ་འདུས་སྒོས་ཕྱིར་བསྐྱོད་དུས་རིམས་ནད་འགོས་ཚད་ཆེ་བའི་ཉེན་ཁ་བཀག་འགོག་བྱས་ཟེར།
ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། འགྲིམ་འགྲུལ་ནི་མི་སྣ་འདུ་ཚད་ཆེ་བའི་གོ་རིམ་ཡིན་ལ། རིགས་མི་འདྲ་བའི་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་འཚོ་བའི་ངེས་མཁོ་དངོས་རྫས་སྣ་ཚོགས་འགན་སྲུང་བྱེད་ཡུལ་གཙོ་བོ་ཡིན་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཐད་ནས་ཚན་རིག་དང་མཐུན་པ་དང་གཟབ་ནན་དང་ཕན་པ་ལྡན་པར་བྱས་ཏེ། འགྲུལ་བ་སེམས་བདེ་མོ་དང་བདེ་འཇགས་ངང་ཕྱིར་བསྐྱོད་དུ་འཇུག་དགོས། དེ་དང་མཉམ་དུ་ཁྲིམས་འགལ་ལམ་འགོག་དང་འགྲིམ་འགྲུལ་ལ་བཀག་འགོག་བྱེད་པ་སོགས་ཀྱི་བྱ་སྤྱོད་ཡོ་བསྲང་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་དང་འཚོ་བའི་ངེས་མཁོ་དངོས་རྫས་དང་མི་སྣ་བདེ་བླག་ངང་སྐྱེལ་འདྲེན་བྱེད་ཐུབ་པར་བྱེད་པ་དང་། ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་བྱེད་པ་དང་མཁོ་འདོན་ལ་འགན་སྲུང་བཟང་བོ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཐའ་གཅིག་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་ནས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།
ལིས་ཁི་ཆང་གིས་མེ་འཁོར་ས་ཚིགས་ཀྱི་ལས་བཟོ་བར་འཚམས་འདྲི་མཛད་པ་དང་། ཁོ་ཚོར་འགོག་སྲུང་ལ་ཤུགས་སྣོན་དགོས་པའི་མངག་བཅོལ་གནང་བར་མ་ཟད། རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བཟོ་པས་ལས་གནས་བརྟན་སྲུང་བྱས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས།
ཞའོ་ཅེ་དང་ཧི་ལིས་ཧྥུན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།