ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་འགན་སྲུང་བྱེད་རྒྱུ་ནི་ང་ཚོ་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། དེང་སྐབས་ལ་རྐང་བཙུགས་ཏེ་ཚན་རིག་དང་མཐུན་པར་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་དགོས་པར་མ་ཟད། རྒྱང་རིང་ལ་དམིགས་ཏེ་ཉམས་མྱོང་སྤྱི་སྡོམ་དང་བསླབ་བྱ་དང་ལེན་བྱེད་པ་དང་། ཐེངས་འདིའི་རིམས་ནད་ལས་བྱུང་བའི་ཞན་ཆ་དང་མི་འདང་སར་དམིགས་ནས། ཞན་ཆ་མྱུར་དུ་ཁ་གསབ་བྱེད་པ་དང་འཐུས་ཤོར་ལ་བཀག་འགོག་བྱེད་པ། ལས་གཞིའི་གཉོམ་སོ་ལ་ཤུགས་བརྒྱག་དགོས་ལ། རྒྱུན་འཁྱོངས་བྱེད་དགོས་པ་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས་པ་འཐུས་ཚང་དུ་གཏོང་བ། འཛུགས་དགོས་པ་མྱུར་དུ་འཛུགས་པ། དངོས་འབེབས་བྱེད་དགོས་པ་དངོས་འབེབས་བྱེད་དགོས་པར་མ་ཟད། རིམས་ནད་འགོག་བཅོས་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་སྤྱི་ཐུན་འཕྲོད་བསྟེན་འཕྲལ་སྒྲུབ་དོ་དམ་མ་ལག་ཆ་ཚང་དུ་གཏོང་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཐེངས་འདིའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་ཉམས་སད་ཐེག་པ་ཞིག་ཡིན་པས། རིམས་ནད་འགོག་བཅོས་བྱ་བར་ཞིབ་འཇུག་དང་ཤུགས་བསྣན་ཏེ། སྒྲིག་སྲོལ་རྐྱེན་སྲོལ་ཐད་ནས་རིམས་ནད་འགོག་བཅོས་བྱེད་ཐབས་གསར་སྐྲུན་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་སྤྱི་ཐུན་འཕྲོད་བསྟེན་འཕྲལ་སྒྲུབ་མ་ལག་ཆ་ཚང་དུ་བཏང་ནས། གློ་བུར་དུ་བྱུང་བའི་སྤྱི་ཐུན་འཕྲོད་བསྟེན་དོན་དག་ཚབས་ཆེན་ལ་ཁ་གཏད་འཇལ་བའི་ནུས་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།
ཚོགས་ཐོག་ནས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་སྤྱི་སྡོམ་སྙན་ཞུ་དང་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་བྱ་བ་གཙོ་བོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་དུས་རབས་གསར་བར་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མྱུར་དུ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་དང་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་ཚབ་ཀྱི་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་བཅོས་སྒྱུར་ཇུས་གཞི། ཚན་ཞིབ་མི་སྣའི་གོ་གནས་ཚན་རྩལ་གྲུབ་འབྲས་ཀྱི་དབང་ཆ་དང་ཡང་ན་ཡུན་རིང་བཀོལ་སྤྱོད་དབང་ཆ་གནང་བའི་ཚོད་ལྟའི་ལག་བསྟར་ཇུས་གཞི། ལས་དོན་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་ཚོད་ལྟའི་བྱ་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར། རྒྱལ་ཁབ་རིམ་མཐོའི་རིག་མཛོད་འཛུགས་སྐྲུན་ཚོད་ལྟའི་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར། རྨང་གཞིའི་སྒྲིག་ཆས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར། ཞབས་ཕྱིའི་ལས་རིགས་ཀྱི་བཅོས་སྒྱུར་སྒོ་འབྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་བསྟན་དོན། དུས་རབས་གསར་བར་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མྱུར་དུ་འཐུས་ཚང་དུ་གཏོང་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཚོང་རས་ཐོན་ཁུངས་ལེགས་སྒྲིག་ཁྲོད་དུ་བཏོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། སྲིད་གཞུང་གི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། ཚོང་རའི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་དགོས། ཁོངས་གཏོགས་གཅིག་སྡུད་དང་མཐུན་སྦྱོར་ནུས་མཐོའི་རེ་བ་ལྟར་ལག་བསྟར་ནན་མོ་བྱེད་པ་དང་། གནད་ཕིགས་སྲིད་ཇུས་ལག་བསྟར་དང་གནད་ཕིགས་དངོས་འབེབས་ཐད་ལ་ཤུགས་བསྐྱེད་དགོས་པ་དང་གནད་འགག་རང་བཞིན་དང་རྨང་གཞི་རང་བཞིན་ཀྱི་བཅོས་སྒྱུར་གལ་ཆེན་ཐད་ནས་ཐོ་བརྒལ་དང་གསར་སྐྲུན་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོའི་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་མདུན་དུ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། བྱ་བ་གཙོ་བོ་གསལ་བོར་ཤེས་པར་བྱས་པ་དང་གནད་ས་དམ་འཛིན་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་རྐང་བཙུགས་ཏེ་བཅོས་སྒྱུར་ལ་ཇུས་འགོད་ལག་བསྟར་བྱས་པ་དང་། ཁྱབ་ཁོངས་གཙོ་བོ་དང་གནད་འགག་དུས་སྐབས་སུ་མུ་མཐུད་ནས་བཅོས་སྒྱུར་ཇུས་གཞི་ལག་བསྟར་བྱས་ནས། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་ཡོངས་འགྲུབ་བྱས་པ་དང་། བཅོས་སྒྱུར་བཀོད་སྒྲིག་དངོས་འབེབས་མཐའ་འཁྱོལ་བྱས་ཤིང་། ས་གནས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་བཅོས་སྒྱུར་ཚོད་ལྟ་བྱེད་པར་མཛུབ་སྟོན་བྱས་པར་མ་ཟད་དུས་ཐོག་ཏུ་སྤྱི་སྡོམ་དང་ཁྱབ་གདལ་དུ་བཏང་ཞིང་། བཅོས་སྒྱུར་དྲིལ་སྒྲོག་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བྱེད་ཐབས་གལ་ཆེན་དངོས་འབེབས་བྱས་ནས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ།
ཉིས་སྟོང་ཉི་ཤུ་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་བཅོས་སྒྱུར་ཇུས་གཞི་གལ་ཆེན་སྐོར་ཞིག་གཏན་འཁེལ་བྱེད་དགོས། དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་བཅོས་སྒྱུར་ཁོངས་གཏོགས་གཅིག་སྡུད་དང་མཐུན་སྦྱོར་ནུས་མཐོ་ལ་སྐུལ་འདེད་གཏོང་བ་དང་། ལམ་ལུགས་འཛུགས་སྐྲུན་ཀྱི་གཙོ་ཐིག་དེ་དམ་འཛིན་བྱས་ནས་དམིགས་ཡུལ་རང་བཞིན་དང་ལག་བསྟར་རང་བཞིན། ཕན་ནུས་རང་བཞིན་མཚོན་པར་བྱེད་དགོས། ཏང་ཀྲུང་དབྱང་གི་རེ་བ་དངོས་འབེབས་བྱེད་པ་དང་ལག་ལེན་དགོས་མཁོ་སྐོང་བ། གཞི་རིམ་གྱི་རེ་བ་མཐུན་པ་བཅས་གཅིག་གྱུར་བྱེད་པ་དང་། གནད་དོན་ཐག་གཅོད་དང་དངོས་གཉེར་དོ་དམ་བཀོལ་སྤྱོད། ལས་སླ་སྤྱོད་བདེ་བཅས་གཅིག་གྱུར་བྱེད་དགོས། མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གནད་ས་གཅིག་སྡུད་དང་དངོས་ཕན་དམ་འཛིན་བྱེད་པ་དང་། ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་འཕེལ་རིམ་གནས་ཚུལ་ལ་དཔྱད་འཇོག་དང་ཞིབ་བཤེར་བྱེད་དགོས་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་དང་ཁྱབ་ཁོངས་སོ་སོས་དངོས་འབེབས་བྱ་བ་དམ་འཛིན་བཟང་བོ་བྱེད་དགོས་ཟེར།
ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།