མཚོ་སྔོན་གྱི་མྱུར་སྐྱེལ་ལས་ཁུངས་འདི་དག་གིས་ལས་ཀ་བསྐྱར་གསོ་བྱས།
2020.02.15 ཁུངས། ཀློག་གྲངས། 6


གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་ནས་པཱེ་ཧྲི་དང་ཡོན་ཏཱ། ཧོང་མཱ་ཅཱ། པཱོ་ཡེ། ཀྲེ་ཅི་སུང་། ཀྲུང་ཐཱེ་བཅས་ཀྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་ལས་ཀ་བསྐྱར་གསོ་བྱས་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་སྦྲག་སྲིད་ཞབས་ཞུའི་དྲ་གནས་ཀྱི་ལས་ཀ་བསྐྱར་གསོ་བྱས་ཚད་བརྒྱ་ཆའི་63.56ལ་སླེབས་ཡོད་པ་དང་། མྱུར་སྐྱེལ་ཚོང་གཉེར་དྲ་གནས་ཀྱི་ལས་ཀ་བསྐྱར་གསོ་བྱས་ཚད་བརྒྱ་ཆའི་14.64ཡིན་པ་རེད། སྦྲག་སྲིད་དང་ཧྲིན་ཧྥིན། ཅིན་ཏུང་སོགས་ཀྱིས་ད་ལྟའི་བར་དུ་ཚོང་གཉེར་བྱེད་འཚམ་བཞག་མེད་ལ། ལོ་སར་སྐབས་སུ་ཕྱོགས་སོ་སོའི་མཛད་སྤྱོད་པའི་གཞི་རྩའི་དགོས་མཁོ་བསྐང་བ་དང་། རིམས་འགོག་དང་འབྲེལ་བའི་དངོས་ཟོག་མང་པོ་ཡང་སྐྱེལ་འདྲེན་བྱས་པ་རེད། 

ད་ལྟ་ལས་ཀ་བསྐྱར་གསོ་བྱས་མེད་པའི་དངོས་ཟོག་སྐྱེལ་འདྲེན་ཁེ་ལས་དག་ནི། ཧྲིན་ཐོང་དང་ཀྲུང་ཐོང་། ཡོན་ཐོང་། ལན་ཧི། ཏི་པང་། ཡིག་སོའུ་དང་ཐེན་ཐེན་བཅས་ཡིན་ལ།  རྒྱུས་ལོན་པ་ལྟར་ན། ཧྲིན་ཐོང་དང་ཀྲུང་ཐོང་། ཡོན་ཐོང་། ལན་ཧི་བཅས་ཀྱི་སྤྱི་ཁྱབ་ལས་ཁུངས་ནི་སྐུ་འབུམ་ཀོས་ཆིང་དངོས་ཟོག་སྐྱེལ་འདྲེན་ཁུལ་དུ་ཡོད་ཅིང་། ས་དེའི་སྲིད་གཞུང་གིས་ལས་ཀ་བསྐྱར་གསོ་མི་བྱེད་པའི་རེ་བ་བཏོན་ཡོད་པ་རེད། ཡིག་སོའུ་དང་ཐེན་ཐེན་གཉིས་ལ་སྤྱི་ཁྱབ་ལས་ཁུངས་ཀྱིས་ད་དུང་ལས་ཀ་བསྐྱར་གསོ་བྱེད་པའི་བརྡ་བཏང་མེད་པ་རེད།

མིག་སྔར་རིམས་ནད་འགོག་སྲུང་གི་དམིགས་བསལ་དུས་སྐབས་འདིར། མཚོ་སྔོན་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུའུ་ཡིས་མྱུར་དུ་<< རིམས་ནད་སྔོན་འགོག་སྐབས་ཀྱི་དྲ་གནས་ཁག་གི་བཀོལ་སྤྱོད་ཚད་ལྡན>>ཞེས་པ་ཞིག་སྤེལ་ཏེ། ལས་རིགས་འདིའི་སྟེང་གི་ལས་བྱེད་མི་སྣ་ཚོས་ངེས་པར་དུ་རང་ཉིད་ཀྱི་གཙང་སྦྲ་དང་ནད་དུག་འགོག་སྲུང་ཐད་ལ་དང་དོད་དང་ཁག་ཐེག་བྱེད་དགོས་པ་དང་། དངོས་པོ་ལ་དུག་སེལ་དང་མཛད་སྤྱོད་པར་དངོས་སུ་ངོ་ཐུག་ནས་དངོས་པོ་མི་སྟེར་བ་སོགས་བྱས་ནས་རང་གཞན་གཉིས་ཀྱི་བདེ་ཐང་ལ་བརྩི་འཇོག་བྱ་དགོས་ཞེས་བསྒྲགས།

གསར་འགོད་པ་ཐུབ་བསྟན་རྡོ་རྗེ་ཡིས་བསྒྱུར།