ཟི་ལིང་མཁར་ཤར་ནས་མགྲོན་ཁང་ཞིག་གིས་རང་དགར་ལས་གཉེར་བྱས་པས་ཁྲིམས་ཆད་ཕོག
2020.02.17 ཁུངས། ཀློག་གྲངས། 66

  གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། རིམས་ནད་འགོག་སྲུང་གི་དགོས་མཁོར་གཞིགས་ཏེ། 2020ལོའི་ཟླ2པའི་ཚེས2ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བརྡ་ཁྱབ་བཏང་ནས། འདུ་འཛོམས་རང་བཞིན་ལྡན་པའི་ལས་གཉེར་ཅི་ཡང་བྱེད་མི་ཆོག་པར།  རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་དགོས་པའི་བླང་བྱ་ནན་མོ་བཏོན་ཡོད། 

   ཟླ2པའི་ཚེས14ཉིན་གྱི་ཕྱི་དྲོར།  ཟི་ལིང་གྲོང་ཁྱེར་མཁར་ཤར་སྤྱི་བདེ་ཡན་ལག་ཅུའུ་ཏ་ཀྲུང་སྲང་ལམ་མངག་གཏོང་ཁང་གི་ཉེན་རྟོག་པས་ཏ་ཀྲུང་དོན་གཅོད་ཁྲུའུ་དང་མཉམ་འབྲེལ་སྒོས་ཁོངས་གཏོགས་ཁུལ་གྱི་ལས་གཉེར་བྱེད་བཞིན་པའི་ཟ་ཁང་དང་མགྲོན་ཁང་དག་ལ་སྐོར་ཞིབ་བྱེད་སྐབས།མགྲོན་ཁང་ཞིག་གིས་ལས་གཉེར་བྱེད་བཞིན་པའི་དོགས་པ་བྱུང་བས་སྐོར་ཞིབ་ཚན་ཆུང་གིས་འཕྲལ་དུ་ས་གནས་དེར་ཞིབ་བཤེར་ནན་མོ་བྱས།

   ཡུལ་དངོས་ནས་ཞིབ་བཤེར་བྱས་པ་བརྒྱུད། མགྲོན་ཁང་དེ་མཱ་ཆེ་གེ་མོ་དང་ཧན་ཆེ་གེ་མོ་གཉིས་ཀྱིས་གཉེར་བཞིན་ཡོད་པ་ཤེས་རྟོག་བྱུང་བ་དང་། བྱ་སྤྱོད་འདིའི་རིགས་ནི་ཟླ2པའི་ཚེས2ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤེལ་བའི་བརྡ་ཁྱབ་ཨང7པའི་བླང་བྱ་དང་འགལ་ཡོད། 

རིམས་ནད་འགོག་སྲུང་གི་དུས་ཡུན་ནང་མགྲོན་ཁང་དང་ཟ་ཁང་མཐའ་དག་ལས་གཉེར་བྱེད་མི་ཆོག་པ་དང་། རང་དགར་ངང་ལས་གཉེར་བྱས་པའི་སྣང་ཚུལ་དག་གིས་རིམས་ནད་འགོག་སྲུང་གི་བདེ་འཇགས་ལ་རྐྱེན་ངན་བཟོས་པས། མི་དམངས་ཉེན་རྟོག་པས་མགྲོན་པོ་དག་གི་ཐོབ་ཐང་རེ་རེ་བཞིན་ཞིབ་བཤེར་བྱས་རྗེས་ཁོང་ཚོར་རིམས་ནད་འགོག་སྲུང་གི་དུས་ཡུན་ཁྲོད་ཀྱི་འབྲེལ་ཡོད་གཏན་འབེབས་དྲིལ་བསྒྲགས་བྱས་པ་དང་། དུས་ཐོག་ཏུ་བསླབ་བྱ་ནན་མོ་བཏང་། 

མགྲོན་ཁང་དེའི་སྦྱིན་བདག་མཱ་ཆེ་གེ་མོ་དང་ཧན་ཆེ་གེ་མོ་གཉིས་མངག་གཏོང་ཁང་དུ་བོས་ཏེ་འདྲི་གཅོད་བྱས་ཤིང་།  འདྲི་གཅོད་བྱས་པ་བརྒྱུད་མཱ་ཆེ་གེ་མོ་དང་ཧན་ཆེ་གེ་མོས་ཁྲིམས་འགལ་དོན་དངོས་ངོས་ལེན་བྱས་ཤིང་། ཏ་ཀྲུང་སྲང་ལམ་མངག་གཏོང་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འཁེལ་ལྟར་མཱ་ཆེ་གེ་མོ་དང་ཧན་ཆེ་གེ་མོར་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་པར་མ་ཟད། ཟས་རིགས་སྨན་རྫས་ཅུའུ་དང་རིག་གནས་ཅུའུ་གཉིས་ལ་མཉམ་འབྲེལ་གྱིས་མགྲོན་ཁང་དེར་གནས་སྐབས་སུ་ལས་གཉེར་བྱེད་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་།

གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བསྒྱུར།