ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཏུ་སོང་ནས། དཔྱིད་ཀའི་རྨོ་འདེབས་ཀྱི་གྲ་སྒྲིག་བྱ་བ་དང་ཞིང་ལས་རྒྱུ་ཆ་གསོག་འཇོག ཁྲོམ་རའི་མཁོ་འདོན། ཁེ་ལས་ཀྱི་ཐོན་སྐྱེད། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཆ་རྐྱེན་འཛོམས་པའི་ལས་གཞི་དང་ཁེ་ལས་སྣ་ཚོགས་ཀྱི་ལས་འགོ་བསྐྱར་རྩོམ་བྱ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་སྒྲིག་འཛུགས། སྐུལ་སློང་བཅས་བྱས་ཏེ། རྒྱུན་ལྡན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གང་མགྱོགས་ངང་སླར་གསོ་བྱས་ནས། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ཡོངས་འགྲུབ་བྱེད་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།
ཝང་ཅན་ཅུན་མེན་ཧི་རྫོང་ཀོན་ཐིན་གྲོང་རྡལ་ཧི་ཡན་སྡེ་བ་དང་རྫོང་ཞིང་ལས་རྒྱུ་ཆ་སྡེབ་སྐྱེལ་ལྟེ་གནས་སུ་སོང་ནས། དཔྱིད་རྨོ་ཐོན་སྐྱེད་དང་ཞིང་ལས་རྒྱུ་ཆ་གྲབས་གསོག་མཁོ་འདོན་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་བཤད་རྒྱུར། ད་ལོར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོས“ཞིང་གསུམ”ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱས་ནས། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བར་འགན་ལེན་བྱེད་པའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། མིག་སྔར་རིམས་ནད་ཚོད་འཛིན་བྱེད་ཐུབ་ལ་ཉེ་ནའང་། ཞིང་ལས་བྱ་བ་དམ་འཛིན་བྱས་ཏེ། དཔྱིད་རྨོ་ཐོན་སྐྱེད་ཁྲོད་ནས་རང་ཉིད་ལ་སྲུང་སྐྱོབ་ཡག་པོ་བྱས་ནས། ཞིང་པའི་ཡོང་སྒོ་འཕར་སྣོན་དང་ཞིང་ལས་ཀྱི་ཕན་འབྲས་ཇེ་ཆེར་གཏོང་བའི་ལས་དོན་ཡག་པོར་བསྒྲུབ་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ཝང་ཅན་ཅུན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་ཀྱི་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་འདོན་སྤྲོད་བྱེད་རྒྱུར་ཐུགས་ཁུར་ཆེན་པོ་བྱས་ཏེ། སྔ་གཞུག་ཏུ་རྨ་ཆུའི་ཚོད་སླེ་དེང་རབས་ཐོན་སྐྱེད་ཐོན་ལས་གླིང་དང་སྡེབ་ཚོང་ཁང་ཁ་ཤས་སུ་སོང་ནས། ཡུལ་དངོས་ནས་ཐོན་སྐྱེད་རྣམ་པར་རྒྱུས་ལོན་ཞིབ་མོ་བྱས་རྗེས་བཤད་རྒྱུར། “ཤ་དང་། བྱ་རིགས། སྒོ་ང་། འོ་མ་བཅས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་རྒྱུར་འགན་ལེན་བྱས་ནས། མང་ཚོགས་ཀྱི་ཤ་ཚལ་སྒོང་གསུམ་སླར་ཡང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཁྲོམ་ར་དང་རིན་གོང་། མི་སེམས་བཅས་བརྟན་པོ་ཡོང་བར་བྱེད་དགོས་ཟེར།
ཝང་ཅན་ཅུན་གྱིས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རིམཔ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བླང་བྱ་གཞིར་བཟུང་ནས། ཡུལ་དུས་དང་ལས་རིགས། ཁེ་ལས་བཅས་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི“བརྟན་པོ་དྲུག”གི་ལས་དོན་སྤྱི་འདོམས་ངང་ཡག་པོར་སྒྲུབ་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་བྱེད་དགོས་པ་ཇི་བཞིན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་དང་འཚོ་བར་འཕྲད་པའི་རིམས་ནད་ཀྱི་ཤུགས་རྐྱེན་ཧུར་ཐག་གིས་ཇེ་ཆུང་དུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་པ་དང་། རང་འགུལ་ངང་འབྲེལ་མཐུད་བྱེད་པ། སྔོན་ལ་ཞབས་འདེགས་ཞུ་བ། ཁེ་ལས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་བར་རོགས་རམ་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་ཆུ་དང་གློག སྣུམ། སོལ་རླངས། སྐྱེལ་འདྲེན་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཏན་ཏིག་གིས་ཤུགས་བསྣན་ནས། ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་དང་ཁེ་ལས་ཀྱི་རྒྱུན་ལྡན་ཐོན་སྐྱེད་ཚོང་གཉེར་ལ་འགན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་བྱས་ཏེ་ལས་གནས་བརྟན་གཏོང་གི་ལས་ཞུགས་དང་མ་བཅོས་རྒྱུ་ཆ་མཁོ་འདོན། དངུལ་རྩའི་ཡིད་རྟོན་དངུལ་བུན། དངོས་ཟོག་སྐྱེལ་འདྲེན། ཐོན་ལས་སྦྲེལ་མཐུད་ཆ་འགྲིག་སོགས་ཀྱི་དཀའ་ངལ་དངོས་ལ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། ཁེ་ལས་དང་ལག་གདང་སྦྲེལ་ནས་དཀའ་ཁག་མཉམ་སེལ་བྱེད་དགོས། འཕེལ་རྒྱས་གཏོང་རྒྱུ་ཕྱོགས་སྟོན་དུ་བྱས་ཏེ་ཁེ་ལས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། མྱུར་དུ་ཐོན་སྐྱེད་བྱེད་འགོ་བརྩམས་ནས། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།
ཡུས་ཚུང་ལི་དང་ཉེའོ་ཁྲིན་ཡུན་གོང་གསལ་བྱ་འགུལ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།