མཚོ་སྔོན་ཞིང་ཆེན་གྱིས་བོད་ལུགས་གསོ་རིག་སྨན་རྫས་སྤྱད་དེ་རིམས་ནད་འགོག་སྲུང་གསོ་བཅོས་བྱ་བ་བསྒྲུབས།
2020.02.18 ཁུངས། ཀློག་གྲངས། 26

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྲུང་སྨན་བཅོས་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཤིང་། ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་པད་མ་རབ་བརྟན་གྱིས་བོད་ལུགས་གསོ་རིག་སྨན་རྫས་སྤྱད་ནས་ཏོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱས་པའི་བྱ་བ་མཚམས་སྦྱོར་བྱས།

པད་མ་རབ་བརྟན་གྱིས་ངོ་སྤྲོད་བྱ་རྒྱུར། རང་ཞིང་གི་རིམ་པ་སོ་སོའི་བོད་སྨན་ཁང་དག་གིས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་ལེགས་ཆ་བེད་སྤྱད་ནས། རྒྱུན་ལྡན་གྱི་དུག་སེལ་བྱ་བའི་རྨང་གཞིའི་སྟེང་སྤྲ་བ་དང་ཤུག་ལོ། སྨན་སྤོས་སོགས་བོད་སྨན་གྱི་སྲོལ་རྒྱུན་བྱེད་ཐབས་སྤྱད་དེ་དུག་སེལ་བྱ་བ་ལེགས་པོར་བསྒྲུབས་པ་དང་། རྨ་ལྷོ་ཁུལ་བོད་སྨན་ཁང་དང་ཐུན་ཏེ་རྫོང་བོད་སྨན་ཁང་། ཞིན་ཧེ་རྫོང་བོད་སྨན་ཁང་སོགས་གཞི་རིམ་བོད་སྨན་ཁང་དག་གིས་དུས་ལྟར་ནག་པོ་དགུ་སྦྱོར་དང་ལོ་གྱོན་མ། ནོར་བུ་བདུན་ཐང་སོགས་སྲོལ་རྒྱུན་གྱི་རིམས་འགོག་རིལ་བུ་ཐོན་སྐྱེད་བྱས་ཏེ་རིན་མེད་སྒོས་རོང་འབྲོག་མང་ཚོགས་དང་། རིམ་པ་དང་པོའི་སྨན་བཅོས་མི་སྣ། རིམས་འགོག་ཞིབ་བཤེར་ས་ཚིགས་ཀྱི་ལས་བཟོ་བ། ཁོར་སྲུང་ལས་བཟོ་བ། སྤྱི་བདེ་མི་སྣ་སོགས་ལ་མཁོ་སྤྲོད་གནང་ཟེར།

ཞིང་ཆེན་བོད་སྨན་ཁང་གིས་ཏོག་གསར་གློ་ཚད་སྔོན་འགོག་རྒྱུན་ཤེས་སྐོར་གྱི་བོད་ཡིག་གི་གློག་རྡུལ་ལག་དེབ་རྩོམ་སྒྲིག་བྱས་པ་དང་། བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་ཏོག་གསར་གློ་ཚད་འགོག་སྲུང་དང་འབྲེལ་བའི་འགུལ་རིས་སོགས་འཕྲིན་སྟེགས་བརྒྱུད་ནས་ཁྱབ་སྤེལ་བྱས་པར་མ་ཟད། མགོ་ལོག་ཁུལ་བོད་སྨན་སྨན་བཅོས་སྡེ་ཚོགས་དང་འབྲི་སྟོད་རྫོང་བོད་སྨན་ཁང་སོགས་ཁུལ་དང་རྫོང་རིམ་པའི་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་དག་གིས་ས་གནས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཨམ་སྐད་དང་ཁམས་སྐད་ཀྱི་ལམ་ནས་རིམས་འགོག་སྤྱི་ཕན་བརྙན་ཐུང་ཕབ་སྐྲུན་བྱས་ཏེ་གཞི་རིམ་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་རིམས་ནད་སྔོན་འགོག་དང་འབྲེལ་བའི་རྒྱུན་ཤེས་ཁྱབ་སྒྲོག་བྱས།

རང་ཞིང་གི་ཏོག་གསར་གློ་ཚད་སྨན་བཅོས་བྱ་བའི་ཁྲོད་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ཟུང་འབྲེལ་བྱེད་པའི་བླང་བྱ་ལྟར། ཞིང་ཆེན་རིམ་པའི་ཆེད་མཁས་ཚན་ཆུང་ཁྲོད་ཀྱི་བོད་སྨན་ཆེད་མཁས་པ་རང་ཞིང་གི་ནད་རྟགས་ངོས་འཛིན་གྲོས་ཚོགས་དང་སྨན་བཅོས་ཀྱི་གོ་རིམ་ཧྲིལ་བོར་ཞུགས་པ་དང་། དེ་མིན་ད་དུང་ཞིང་ཆེན་བོད་སྨན་ཁང་དང་མཚོ་བྱང་ཁུལ་བོད་སྨན་ཁང་གི་བོད་སྨན་ཆེད་མཁས་ཚན་ཆུང་རང་འགུལ་སྒོས་རིམས་ནད་འགོག་སྲུང་བྱ་བའི་གཡུལ་འཐབ་ཁྲོད་ཞུགས་སྟེ་ནུས་པ་གང་ཡོད་བཏོན་པར་མ་ཟད། སྨན་ཁང་ལས་ཕྱིར་བུད་པའི་ནད་པར་བརྙན་རིས་ཀྱི་ལམ་ནས་སྨན་བཅོས་རོགས་རམ་གནང་།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་། ཞིང་ཆེན་བོད་སྨན་ཁང་ཞིབ་འཇུག་གླིང་གི་བོད་ལུགས་གསོ་རིག་སྨན་རྫས་སློབ་ཁྲིད་དང་ཚན་རྩལ་ཞིབ་འཇུག་ཚན་ཁག་སོགས་ཀྱིས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་སོགས་ཀྱི་སྟེགས་བུ་ལ་བརྟེན་ནས།བོད་ལུགས་གསོ་རིག་སྨན་རྫས་ཀྱིས་ཏོག་གསར་གློ་ཚད་སྔོན་འགོག་དང་སྨན་བཅོས་བྱེད་ཐབས་སོགས་ལ་ཞིབ་འཇུག་བྱས།

པད་མ་རབ་བརྟན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཁབ་རིམ་པའི་སྨན་པ་ཉི་མ་མཆོག་གིས་དངོས་སུ་མཛུབ་སྟོན་བྱས་པ་ལྟར། ནག་པོ་དགུ་སྦྱོར་གྱི་སྨན་རྫས་ཁུག་མ3500ལས་སྣོན་བྱས་ཏེ། ཧུའུ་པེ་ཞིང་ཆེན་ལ་ཁུག་མ1000དང་། ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་དག་ལ1200 ཧུའུ་པེ་ལ་རོགས་སྐྱོར་དུ་སོང་བའི་རིམ་པ་དང་པོའི་སྨན་བཅོས་རུ་ཁག་ལ་ཁུག་མ140བཅས་ཞལ་འདེབས་སུ་གནང་བ་དང་། གཞན་ཡང་། མགྱོགས་མྱུར་སྒོས་ཆེད་མཁས་པ་དང་ཞིབ་འཇུག་མི་སྣ་བསྡུ་རུབ་བྱས་ཏེ། ཞིང་ཆེན་ཚན་རྩལ་ཐིན་གྱིས་ཏོག་གསར་གློ་ཚད་འགོག་བཅོས་བྱེད་པའི“ནག་པོ་དགུ་སྦྱོར་ཐེངས་གཉིས་པ་གསར་སྤེལ་བྱས་ནས་ནད་དུག་རང་བཞིན་ལྡན་པའི་གློ་ཚད་སྨན་བཅོས་ཀྱི་ཕན་འབྲས་ལ་དཔག་པའི”རྣམ་གྲངས་ལེགས་སྒྲིག་དང་། རིགས་འདེད། རེ་ཞུ་བཅས་ཀྱི་ལས་དོན་ལེགས་པོར་བསྒྲུབས་ནས་འབྲེལ་ཡོད་ཞིབ་འཇུག་ལས་དོན་སྤེལ་བཞིན་ཡོད་ཟེར།

གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བསྒྱུར།