གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་གི་མཉམ་ལས་ཁང་དང་། ཁེ་ལས། འབྲོག་དམངས་བཅས་ཀྱིས་མཉམ་དུ་ཧུའུ་པེ་ཡི་རིམས་ནད་འགོག་སྲུང་གི་འཐབ་ར་དང་པོར་ཡོད་པའི་སྨན་བཅོས་མི་སྣ་རྣམས་ལ་མ་རྩ་སྒོར་ཁྲི208ལྷག་ཡིན་པའི་དབྱར་རྩྭ་དགུན་འབུ་རྒྱ་མ26ཞལ་འདེབས་སུ་ཕུལ།
ཐེངས་འདིའི་རིམས་ནད་ཀྱིས་རྒྱལ་ཡོངས་མི་དམངས་དང་། ལྷག་པར་བུའུ་ཧན་མི་དམངས་ལ་དཀའ་ཁག་ཆེན་པོ་ཞིག་བཟོས་མོད། རྒྱལ་ཡོངས་མི་དམངས་ཀྱི་སེམས་པ་བུའུ་ཧན་དང་མཉམ་དུ་ཡོད་ཅིང་། ཚང་མས་བློ་སེམས་རྩེ་གཅིག་གིས་དམིགས་བསལ་གྱི་འཐབ་ར་འདིར་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད་ལ། བུའུ་ཧན་ནས་སྤྱི་ལེ2500ལྷག་ཡོད་པའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་གི་མི་དམངས་མང་ཚོགས་ཀྱིས་ཀྱང་ཉིན་མཚན་དབྱེར་མེད་དུ་བུའུ་ཧན་གྱི་གནས་ཚུལ་ལ་དོ་ཁུར་བྱེད་བཞིན་ཡོད།
སྔོན་ཆད་ཡུས་ཧྲུའུ་ལ་ས་འགུལ་བྱུང་དུས། རྒྱལ་ཡོངས་གོང་འོག་བར་གསུམ་ཚང་མས་ཡུས་ཧྲུའུ་བསྐྱར་སྐྲུན་ལ་སྟོབས་ཤུགས་ཕུལ་བས། ཡུས་ཧྲུའུ་མི་དམངས་ཀྱིས་ཏང་དང་སྲིད་གཞུང་གི་བཀའ་དྲིན་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བརྩེ་བ་དང་རོགས་རམ་ཐམས་ཅད་དྲིན་བྱས་དྲིན་དུ་ཚོར་ཞིང་། ཕྱོགས་གཅིག་ལ་དཀའ་ངལ་ཡོད་དུས་ཕྱོགས་ཕྱོགས་ཡོངས་ཀྱིས་རོགས་རམ་གནང་དགོས་པའི་འདུ་ཤེས་བརྟན་པོ་ཡིད་བཅངས་ཡོད།
རྫ་སྟོད་རྫོང་སྤྱི་སྟོད་ཞང་གྲམ་དཀར་སྡེ་བའི་གངས་ཐིག་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་གངས་ཐིག་ལྷ་མོས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ་བའི་བྱེད་སྒོ་འདི་ནི་རྫ་སྟོད་རྫོང་གི་མཉམ་ལས་ཁང་། ཁེ་ལས། འབྲོག་པ་མང་ཚོགས་བཅས་ཀྱིས་རང་འགུལ་སྒོས་རྩ་འཛུགས་བྱས་པ་ཡིན་ལ། ཞལ་འདེབས་སུ་ཕུལ་བའི་དབྱར་རྩྭ་དགུན་འབུ་ཚང་མ་ང་ཚོས་ཞིབ་ཚགས་ངང་བསལ་འདེམས་བྱས་པའི་དབྱར་རྩྭ་དགུན་འབུ་ཤ་སྟག་ཡིན། ང་ཚོའི་རྫ་སྟོད་རྫོང་ནི་དབྱར་རྩྭ་དགུན་འབུའི་ཕ་ས་ཡིན་པ་དང་དབྱར་རྩྭ་དགུན་འབུ་ལ་གློ་ཕན་མཁལ་གསབ་ཀྱི་ནུས་པ་ལྡན་པས་ནད་འགོག་ནུས་པ་ཆེ་རུ་གཏོང་ཐུབ། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་ཀྱིས་སེམས་པ་གཅིག་ཏུ་སྦྲེལ་ན་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་དང་། སྔར་བས་མཛེས་སྡུག་ལྡན་པའི་དཔྱིད་ཀ་ཞིག་བསུ་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཟེར།
གསར་འགོད་པས་ཤེས་རྟོགས་བྱུང་བར་ལྟར་ན། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་ཀྲུང་གོའི་སྤྱིའི་ཐོན་ཚད་ཀྱི65%ཟིན་པ་དང་། དེའི་ནང་གཙང་གསུམ་མགོ་ཁོངས་ཡུས་ཧྲུའུ་ཁུལ་ནས་ཐོན་པའི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་མཚོ་སྔོན་གྱི་སྤྱིའི་ཐོན་ཚད་ཀྱི80%ཟིན་ཡོད། ཡུས་ཧྲུའུ་ཡི་དབྱར་རྩྭ་དགུན་འབུ་ལ་ལུས་བོངས་ཆེ་ཞིང་སྤུས་ཀ་ལེགས་པ། མདོག་ཡག་པ་སོགས་ཀྱི་ཁྱད་ཆོས་ལྡན།
མིག་སྔའི་རིམས་ནད་འགོག་སྲུང་གི་བྱ་བའི་ཁྲོད། དམག་མི་དང་སྨན་པ། དེ་བཞིན་ཏང་ཡོན་ལས་བྱེད་པ་དང་གཞི་རིམ་གྱི་བྱ་བ་སྒྲུབ་མཁན་མང་པོ་ཞིག་རིམས་ནད་འགོག་སྲུང་གི་འཐབ་ར་དང་པོར་བསྐྱོད་ཅིང་། དཔའ་ངར་ཆེན་པོས་འགན་འཁྲི་ཕྲག་ཏུ་བླངས་ནས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་ལེན་ཁག་ཐེག་བྱེད་བཞིན་ཡོད་ལ། ཡུས་ཧྲུའུ་མི་དམངས་ཀྱིས་སྟོབས་ཤུགས་ཡོད་ཚད་ཕུལ་ནས་ཁོ་ཚོར་རྒྱབ་སྐྱོར་དང་གཅེས་སེམས་འབུལ་བཞིན་ཡོད།
གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བསྒྱུར།