ཟླ་གཉིས་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་དགུ་པ་དང་། ཞིང་ཆེན་ཁེ་ལས་ཚོང་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ལས་གཞི་གཙོ་བོའི་ལས་འགོ་བསྐྱར་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་ཏེ། ཀྲུང་དབྱང་ཏོག་གསར་རིམས་ནད་ལ་ཁ་གཏད་འཇལ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་གསར་པར་དབྱེ་ཞིབ་དང་བརྡར་གཅོད་བྱས་ལ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཚོང་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཁ་ཅུང་ཆུང་བའི་ས་ཁུལ་ཞིག་ཡིན་པའི་ངོས་ནས། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བརྟན་པོའི་ངང་ཇེ་ལེགས་སུ་ཕྱིན་པ་དང་། ལས་རིགས་ཁག་གི་ཐོན་སྐྱེད་སླར་གསོའི་རེ་བ་ཆེ་རུ་ཕྱིན་ཡོད། ས་གནས་དང་སྡེ་ཁག་སོ་སོས་ལངས་གནས་ཇེ་མཐོར་གཏོང་བ་དང་དུས་བབ་ལ་གསལ་རྟོགས་བྱེད་པ། རིམས་ནད་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ལ་བཟོས་པའི་ཤུགས་རྐྱེན་ལ་ལྟ་སྟངས་ཡང་དག་འཛིན་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་མཚམས་དང་ལས་འགོ་བསྐྱར་རྩོམ་བྱེད་པའི་འགག་རྩའི་དུས་མཚམས་གཉིས་ཁོང་དུ་ཆུད་པར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་རྩོམ་དང་ལས་གཞི་བསྐྱར་འཛུགས་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱེད་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་དང་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་གོ་སྐབས་ཆེན་པོ་གཉིས་དམ་འཛིན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། ངར་ཤུགས་གཅིག་སྒྲིལ་དང་ཕྱོགས་གཉིས་བྱེད་མཁས་པོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་མཐུད་ངང་ཡག་པོ་བྱེད་པ་དང་དུས་མཚུངས་སུ་ཁེ་ལས་ཚོང་ལས་ཀྱི་ལས་འགོ་བསྐྱར་རྩོམ་དང་ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་པར་འགན་ལེན་བྱས་ཏེ། ལོ་ཧྲིལ་བོའི་ལས་ཀའི་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གནས་པའི་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཐག་གཅོད་ཡག་པོ་བྱེད་རྒྱུ་ནི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པའི་དོན་དངོས་ཀྱི་གདམ་ག་ཞིག་ཡིན་ལ། འགན་འཁྲི་འཁུར་སེམས་ཀྱི་མཚོན་ཚུལ་ཞིག་ཀྱང་རེད། འགོ་ཁྲིད་ཚན་ཆུང་དང་ཞིང་ཆེན་བཀོད་འདོམས་པུའུ་ཡིས་སྤྱི་འདོམས་མཐུན་སྦྱོར་དམ་འཛིན་ཡག་པོ་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་ཏན་ཏིག་བྱེད་པ་དང་དོན་དངོས་དང་མི་མཐུན་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་མཐའ་གཅིག་ཏུ་དོར་ནས། མཉམ་འབྲེལ་དང་ཀུན་ཁྱབ། ལས་སྒྲུབ་བཅས་ཀྱིས། བར་ཆོད་དང་ཆད་གཅོད། མཚམས་འཇོག་བཅས་ཀྱི་ཚབ་བྱས་ནས་རྒྱ་ཆེའི་ལས་བྱེད་པ་རིམས་ནད་ཀྱི་སྨུག་རྡུལ་ལས་གང་མགྱོགས་སྒོས་ཐར་བར་བྱེད་དགོས།དཀའ་གནད་དང་འཕྲད་ཚེ་གནད་དོན་ཐག་གཅོད་བྱེད་པ་དང་། ཁུལ་དང་རིམ་པ་དབྱེ་ནས་གནད་འཁེལ་ཇུས་བསྟར་བྱེད་པ། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་སྔོན་འགོག་ཚོད་འཛིན་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། གཙོ་གནད་མིན་པའི་སྔོན་འགོག་ཚོད་འཛིན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཡག་པོ་བྱེད་དགོས་པ། སྤྱིར་བཏང་གི་སྔོན་འགོག་ཚོད་འཛིན་ཁུལ་གྱིས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་དང་དུས་མཚུངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོར་སྒྲུབ་ནས་རིམས་ནད་འགོ་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་བར་ཆད་བཟོ་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་དང་གནད་སྨིན་ཇུས་འདོན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་ནན་མོར་སྲུང་བ་དང་། མགྱོགས་མྱུར་སྒྲིག་འཛུགས་བྱས་ནས་ལས་འགོ་འཛུགས་པ་ནས་ལས་འགོ་བསྐྱར་ཚུགས་བྱེད་པ། རྒྱལ་ཁབ་དང་མཚོ་སྔོན་གྱི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་གནད་ལ་འཁེལ་བ་བཅས་བྱེད་དགོས། སྦྲེལ་ཐག་དམ་དུ་གཏོང་བ་དང་མཉམ་འགུལ་མཐུན་སྦྱོར་བྱེད་པ། ཁོངས་གཏོགས་ས་ཆའི་འགན་འཁྲི་ཇེ་དམ་དུ་གཏོང་བ། སྡེ་ཁག་གི་འགན་འཁྲིར་ཤུགས་སྣོན་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ། ཉམས་མྱོང་ལ་བརྟེན་ནས་མདུན་སྐྱོད་ལ་སྐུལ་འདེད་གཏོང་མཁས་པོ་བཅས་བྱས་མཐར། ལས་འགོ་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་ཤུགས་ཆེ་བ་དང་། ཚོང་གཉེར་ལ་ཕན་འབྲས་ཐོན་པ། སྔོན་དཔག་བརྟན་པོ་ཡོང་བར་ཡིད་ཆེས་ཡོད་པ་བཅས་བྱེད་དགོས་ཟེར།
ཚོགས་ཐོག་ནས་རྒྱུན་ལས་ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ལིས་ཅེ་ཞང་དང་། ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡན་ཅིན་ཧེ་དང་ཁོང་ཡུང་། ཝང་ལིས་མེན། ལིག་ཐའོ་བཅས་ཀྱིས་བླང་བྱ་ཞིབ་ཕྲ་བཏོན་པར་མ་ཟད། འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཆེད་དོན་ཚན་ཁག་བདུན། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་བཅས་ཀྱི་སྲིད་གཞུང་གི་འགན་ཁུར་པས་གཏམ་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།