མགོན་པོ་བཀྲ་ཤིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱས།
2020.02.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ2པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་གཟིགས་ཞིབ་བྱས།      ར་རྒྱ་གྲོང་རྡལ་རིམས་ནད་སྔོན་འགོག་ཚོད་འཛིན་ཞིབ་བཤེར་ས་ཚིགས་སུ་མགོན་པོ་བཀྲ་ཤིས་ཀྱིས་རང་འགུལ་ངང་ལུས་དྲོད་ལྟ་ཞིབ་ཚད་ལེན་དང་ལེན་བྱས་པ་དང་། སྔོན་འགོག་ཚོད་འཛིན་བྱེད་ཐབས་དང་། མི་སྣ་དང་རླངས་འཁོར་འགྲོ་སྐྱོད་ཀྱི་གནས་ཚུལ་ཞིབ་འདྲི་བྱས།  ཞིང་ཆེན་ནས་རིམ་པ་དང་པོའི་ཁ་གཏད་འཇལ་ཐབས་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་སྣ་ཡོངས་ཀྱིས་ཉིན་མཚན་གཉིས་ཀར་ལས་རེས་བྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་། མགོན་པོ་བཀྲ་ཤིས་ཀྱིས་ཚང་མས་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཁོ་ཚོར་གུས་འདུད་ཞུས་པར་མ་ཟད།  ཁོང་ཚོར་རང་ཉིད་ཀྱི་འགོག་སྲུང་ཡག་པོར་སྒྲུབ་དགོས་པའི་མངགས་བཅོལ་བྱས།  ཁོས་བསྟན་དོན། འགྲིམ་འགྲུལ་འགོག་སྲུང་ས་ཚིགས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པས་སྔོན་འགོག་ནན་མོ་བྱས་ནས་རླངས་འཁོར་ལ་ངེས་པར་དུ་ཞིབ་བཤེར་དང་མི་ལ་ངེས་པར་དུ་ལུས་དྲོད་ཚད་ལེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནད་པ་རང་ས་གནས་སུ་ཡོང་བར་སྔོན་འགོག་ནན་མོ་བྱེད་དགོས། མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་འདོན་སྤེལ་ཡག་པོ་བྱེད་པ་དང་། ལས་ཀ་བྱེད་སྟངས་ལ་དོ་སྣང་བྱེད་པ། དོ་དམ་དང་ཞབས་ཞུའི་ལས་དོན་ཁག་ཡག་པོར་སྒྲུབ་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཟེར།

མགོ་ལོག་ཁུལ་མི་དམངས་སྨན་ཁང་དུ་མགོན་པོ་བཀྲ་ཤིས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་ཚུལ་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁུལ་སྨན་ཁང་གི་སྨན་བཅོས་མི་སྣས་དུས་ཚོད་དང་པོའི་ནང་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་འགྲོ་རྒྱུའི་རེ་བ་བཏོན་པ་ཤེས་སྐབས། མགོན་པོ་བཀྲ་ཤིས་ཀྱིས་རིམས་ནད་ཀྱིས་ཀྲུང་གོའི་མི་དམངས་དང་མཚོ་བོད་མཐོ་སྒང་གི་བུ་དང་བུ་མོར་འཇིགས་དངངས་བསྐྱེད་མི་ཐུབ་ལ། མཚོ་བོད་མཐོ་སྒང་གི་ལྷ་རྗེ་རྣམས་ལ་དེ་བས་ཀྱང་འཇིགས་དངངས་བསྐྱེད་མི་ཐུབ་ཟེར། ཁོས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་རིམས་ནད་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་ལྡན་པས། ཡིད་ཆེས་ཆེར་བསྐྱེད་དདང་དཀའ་ངལ་མཉམ་སེལ། ལུགས་མཐུན་འགོག་བཅོས། གནད་འཁེལ་ཇུས་བསྟར་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོར་སྒྲུབ་སྟེ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ཏན་ཏིག་དང་ཞིབ་ཚགས། དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ཐོབ་ངེས་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཟེར།


ཤ་བོ་གསེར་མཚོས་བསྒྱུར།