ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་དུ་སོང་ནས། སྨན་བཅོས་སྲོག་སྐྱོབ་བྱ་བར་རྟོག་ཞིབ་བྱས་པ་དང་སྨན་བཅོས་སྲོག་སྐྱོབ་ཀྱི་འཐབ་ས་དང་པོ་ནས་ཡོང་བའི་ཆེད་མཁས་པ་དང་ལྷན་དུ་བཞུགས་མོལ་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞིར་ཉན་པ་ལས་གཞན། ཚན་རིག་དང་མཐུན་པའི་གནད་འཁེལ་སྨན་བཅོས་སྲོག་སྐྱོབ་བྱ་བར་ཞིབ་འཇུག་གྲོས་བསྡུར་བྱས།
ཁོང་ཡུང་གིས་ནན་གྱིས་བསྟན་དོན། སྨན་བཅོས་ལས་ཁུངས་ཁག་གིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་བཏོན་པའི་ཚན་རིག་ལ་བརྩི་འཇོག་དང་ཆོས་ཉིད་ལ་བརྩི་འཇོག ཆེད་མཁས་པར་བརྩི་འཇོག ནད་པར་བརྩི་འཇོག་བཅས་བྱེད་དགོས་པའི་བླང་བྱ་དང་། ཧྲིན་ཀྲང་ལིག་ཉིང་གིས་ཁྱོན་ཡོངས་ནས་སྨན་བཅོས་སྲོག་སྐྱོབ་ཀྱི་ལས་ཆོད་ཇེ་མཐོར་གཏོང་དགོས་པའི་སྐོར་གྱི་བླང་བྱ། ཞིང་ཆེན་ཡོངས་ཀྱི་ནད་ཡམས་གཙང་སེལ་གྱི་དམིགས་ཚད་ཀྱི་བླང་བྱ་བཅས་གཞིར་བཟུང་ནས། ནད་གཞི་ཚབས་ཆེན་དང་ནད་གཞི་ལྕི་མོའི་ནད་པ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་ཡག་པོ་བྱས་ནས། ནད་པ་དྲག་སྐྱེད་ཐུབ་ཚད་ཐབས་བརྒྱ་ཇུས་སྟོང་གིས་ཇེ་མཐོར་གཏོང་དགོས། ནད་པ་སྨན་ཁང་ནས་ཕྱིར་འབུད་པའི་ཚད་གཞི་ཇེ་དམ་དུ་གཏོང་བ་དང་། སྨན་ཁང་ནས་བུད་པའི་ནད་པར་རྗེས་འདེད་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་པ། དངོས་བཅར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། དུས་ཐོག་ཏུ་སྐབས་བསྟུན་འཚམས་འདྲི་དང་སྨན་བཅོས་ལས་དོན་ཡག་པོར་སྒྲུབ་དགོས་པ། ནད་དཔྱད་དང་སྨན་བཅོས། ནད་གཡོག་སོགས་ཐད་ཀྱི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས། མ་འོངས་པའི་སྐྱོབ་བཅོས་ལས་དོན་ལ་དཔྱད་གཞི་མཁོ་འདོན་བྱེད་དགོས་པ། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུར་ཞིབ་འཇུག་དང་ཇུས་འགོད་བྱས་ནས། མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་དང་ཆུ་ཚད་ནུས་ཤུགས་ཡོད་རྒུས་ཇེ་མཐོར་གཏོང་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།